ཟུར་མང་རྣམ་རྒྱལ་རྩེ་དགོན།

སློབ་དཔོན་པདྨས། མདོ་ཁམས་ཟུར་ཞེས་དཔལ་ཆེན་གསུང་གི་གནས། །དཔའ་བོ་མཁའ་འགྲོ་ འདུ་བའི་གྲོང་ཁྱེར་དུ། །ཞེས་དང་། ཆོས་རྗེ་ཀརྨ་པ་དེ་བཞིན་གཤེགས་པའི་ཞལ་ནས། བུ་ཁྱོད་འདི་ནས་མདོ་ཁམས་བར་སྒྲུབ་པ་ཕྱོགས་མེད་གྱིས་ཤིག །འགྲོ་དོན་འཕེལ་བར་འོང་གིས། ཁྱད་པར་དུ་ལུང་ཁོག་དམར་པོ་རྟ་རོ་ཁ་ཕྱེས་པ་ལྟ་བུ་རྟ་ཡི་སྒྲོག་སུམ་ལག་འཕང་པ་འདྲ་བ་ན་ བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གསུང་གི་ཕོ་བྲང་ཡོད་ཀྱིས་དེར་དགོན་པ་ཐོབ། ཅེས་ཁོང་གི་ཐུགས་སྲས་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཡང་སྙིང་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་བསྟན་པའི་བདག་པོ་ཡབ་མི་ཉག་རྨ་སེའི་རིགས་རྒྱ་གར་འབུམ་དང་ཡུམ་གླིང་བཟའ་བསོད་ནམས་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་སྟག་སྤྱི་ལོ་༡༣༨༦ལོར་སྐུ་འཁྲུངས་པའི་
གྲུབ་ཆེན་རྨ་སེ་བློ་གྲོས་རིན་ཆེན་དེ་ཉིད་ལ་ལུང་བསྟན་པ་བཞིན་དུ། སྤྱི་ལོ་༡༤༢༣ལོར་ཡོས་བཀྲ་ཤིས་ཟུར་མང་སྣར་དགོན་པ་ཕྱག་བཏབ་པས་དཔལ་ལྡན་ཟུར་མང་བཀའ་བརྒྱུད་ཀྱི་གདན་སར་གྱུར། དེ་ནས་རིམ་བཞིན་ཁོང་གི་གདུང་བརྒྱུད་དང་སློབ་བརྒྱུད་རིམ་པས། ཟུར་མང་ལུགས་ཀྱི་བཀའ་སྲོལ་འཛིན་སྐྱོང་གནང་སྟེ། ད་ལྟའི་བར་མི་ནུབ་དར་རྒྱས་སུ་གྱུར་པ་ འདི་ཀ་ལགས་སོ།།

རྩ་བའི་གདན་ས་ཟུར་མང་རྣམ་རྒྱལ་རྩེ་དགོན།
བཏབ་ཡུལ། ནང་ཆེན་རྫོང་མོ་གྲོང་ཡུལ་ཤོག
འདེབས་མཁན། གྲུབ་ཆེན་རྨ་སེ་བློ་གྲོས་རིན་ཆེན།
བཏབ་ལོ། ༡༤༢༣