འཛི་གནས་པདྨ་ཤེལ་ཕུག་དགེ་བ་དགོན།

སྐྱབས་ཆེ་དགོན་པའི་དགོན་ལག་འཛི་གནས་པདྨ་ཤེལ་ཕུག་དགེ་བ་དགོན་ནི། བོད་ལྗོངས་ཆབ་མདོ་འཇོ་མདའ་རྫོང་གཏེར་སྟོན་ཡུལ་ཚོའི་མངའ་ཁོངས་སུ་ཡོད་པའི་ཡར་ལུང་ཤེལ་བྲག་གི་གསུང་གི་གནས་ཆེན་ཛམ་ལུང་ནང་དུ་ཆགས་ཡོད། ཐོག་མར་སྐྱབས་ཆེའི་བསོད་སྤྲུལ་གོང་མ་དང་བཀྲ་ཤིས་ནོར་བུ་གོང་མ་རྣམས་ཡུན་རིང་བཞུགས་ཤིང་། ཁྱད་པར་དུ་གཅོད་པ་བ་ཤི་ཨ་ཕོ་སྐུ་ཚེའི་འཕེན་པ་ཡོངས་སུ་མ་རྫོགས་ཀྱི་བར་དུ་གནས་དེ་རུ་རྒྱུན་བཞུགས་མཛད། དུས་ཕྱིས་སྐྱབས་ཆེ་དགོན་པའི་བན་རྒན་བསྟན་པ་དར་རྒྱས་ཀྱིས་མེ་ཡོས་ལོར་(༡༩༨༥)བྲག་དཀར་པདྨ་སྤུངས་པ་ལྟ་བུའི་དཀྱིལ་དབུས་ཨོ་རྒྱན་བཻ་རོ་མཚོ་རྒྱལ་སོགས་ཀྱིས་འཆི་མེད་ཚེ་ཡི་སྒྲུབ་པ་མཛད་ཅིང་། སྐྱེ་འགྲོའི་ཚེ་བཅུད་མཐར་ཕྱིན་པར་མཛད་པའི་ས་གནད་ཀྱི་ཆེ་བ་དེར་མཚམས་ཁང་བརྒྱད་དང་ལྷ་ཁང་གཉིས་བཅས་ཛམ་ལུང་གི་སྒྲུབ་སྡེ་བསམ་གཏན་ཆོས་གླིང་གི་རྟེན་དང་བརྟེན་པ་བཅས་པ་མི་ལོ་དྲུག་གི་ཡུན་ལ་བཞེངས་བསྐྲུན་མཛད། དེ་ནས་རིམ་བཞིན་གྲུབ་ཐོབ་བསོད་ནམས་ཆོས་འཕེལ་གྱི་དགོངས་བཞེད་དང་ཞལ་བཀོད་ལྟར་སྤྱི་ལོ་(༡༩༩༢)ལོར་སྐྱབས་ཆེ་དགོན་པའི་དགོན་ལག་འཛི་གནས་པདྨ་ཤེལ་ཕུག་དགེ་བ་དགོན་ཞེས་པའི་བཙུན་དགོན་འདི་བྱུང་བ་ཡིན་ནོ།།