གཞོང་གཞོང་དགོན།

དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་རྩ་བའི་གདན་ས་གཞོང་གཞོང་དགོན་ནམ། གཞོང་གཞོང་རྡོ་རྗེ་གདན་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཆབ་འོག་གྲོང་ཚོའི་ཁོངས་སུ་གནས་ཡོད་ཅིང་། རྣམ་གླིང་རྫོང་ནས་ཤར་ལྷོར་སྤྱི་ལེ་དྲུག་ཙམ་བསྐྱོད་ན་གཞོང་གཞོང་དགོན་དུ་སླེབས། གནས་དེར་རྒྱ་མཚོའི་ངོས་ནས་མཐོ་ཚད་རྨིད་3905ལྷག་ཙམ་ཡོད། 
དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་ཆེན་མོ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་བོད་ཡུལ་འདིར་དགོན་གནས་བརྒྱ་དང་རྩ་བརྒྱད་ཕྱག་བཏབ་གནང་ཞིང་། དེ་དག་ལས་གཞོང་གཞོང་དགོན་ནི་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་རྩ་བའི་གདན་སར་གྱུར། ཕྱིས་སུ་འཇམ་མགོན་བློ་གྲོས་མཐའ་ཡས་མཆོག་གིས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་སྒྲུབ་ཁང་གསར་འཛུགས་མཛད་པའི་བདག་རྐྱེན་ལས་ཉམས་པ་སླར་གསོ་བྱུང་ཡང་། རིག་གསར་སྐབས་གཏོར་སྐྱོན་ཆེན་པོ་ཕོག་ནས་༧མཁས་གྲུབ་ཁྱུང་པོའི་ཡང་སྤྲུལ་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་མཆོག་གིས་བླ་མ་ཀ་ལུ་རིན་པོ་ཆེའི་དགོངས་པ་བཞིན་སྐུ་ངལ་མང་པོ་ཁྱད་བསད་མཛད་དེ། གནས་འདིར་ཐོག་བརྩེགས་གསུམ་ཅན་གྱི་གཙུག་ལག་ཁང་ཉམས་གསོ་གནང་བ་སོགས་བསྟན་པའི་མཛད་རྗེས་རླབས་ཆེན་བསྐྱངས།
ད་ལྟ་མིག་སྔུན་ན་མཇལ་རྒྱུ་ཡོད་པའི་ཨར་འདམ་ལས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་འདི་ནི་ཁམས་ཕྱོགས་ཀྱི་ལྷ་རྩེ་སྐྱབས་མགོན་རིན་པོ་ཆེའི་མ་དངུལ་འགྲོ་སོང་ཞལ་འདེབས་གནང་བའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ལེགས་པར་གྲུབ་པ་ཡིན་ནོ། ། ཆོས་བརྒྱུད་ནི་སྔར་ལྟར་རང་སོར་གནས་ཤིང་། ཕྱག་བཏབ་ནས་ད་བར་ཁྱོན་ལོ་ངོ་896ཙམ་ཕྱིན་ཡོད།