བྱམས་ཆེན་སྒྲུབ་ཕུག །

༈ བྱམས་ཆེན་སྒྲུབ་ཕུག་ནི། མཉམ་མེད་དྭགས་པོ་ལྷ་རྗེའི་སྲས་ཀྱི་ཐུ་བོ་གྲུབ་ཐོབ་ཁམས་པ་མི་གསུམ་གྱི་ཡ་གྱལ་གསལ་སྟོང་ཤྭ་སྒོམ་དེ་ཉིད་ཀྱིས་གནས་འདིར་སྒྲུབ་པ་མཛད། ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་ཇོ་མོ་ར་ལྡན་དང་ལུག་ལྡན་གཉིས་སྨིན་གྲོལ་དུ་བཀོད། ཇོ་མོ་གཉིས་པོར་ཕྱག་རྒྱ་ཆེན་པོའི་ཉམས་རྟོགས་ཁྱད་པར་ཅན་ཐུགས་ལ་འཁྲུངས་པས་གནས་ཀྱི་མཚན་ལ་ཕྱག་ཆེན་ཕུག་ཏུ་གྲགས་པ་ཡང་བྱུང་། བླ་མ་ལྷོ་མི་གཡེལ་ཕུག་ཏུ་ཕེབས་ཏེ་ཇོ་མོ་གཉིས་སྒྲུབ་གནས་དེར་བཞུགས། རྫུ་འཕྲུལ་ལ་རང་དབང་ཐོབ་པས་ཉིན་བཞིན་མི་གཡེལ་ཕུག་ཏུ་བླ་མ་ལ་གསོལ་ཇ་སྐྱེལ་བས་ཇ་ཡི་རླངས་པ་མ་ཡལ་བར་བླ་མ་ལ་འདྲེན་ཐུབ་པར་མཛད་པ་དང་། བླ་མའི་གསོལ་ཇ་བསྐོལ་སའི་གནས་སུ་གྱུར་པར་བརྟེན་ཇ་མ་ཕུག་ཞེས་མཚན་ཐོག །མི་གཡེལ་དགོན་གྱི་མདའ་ཡི་བྲག་ངོས་སུ་ཇོ་མོའི་སྐུ་རྗེས་ད་ལྟ་ཡང་བསོད་ནམས་བསགས་བའི་རྟེན་དུ་བཞུགས་པ་སོགས་མི་དང་མི་མིན་གྱི་འགྲོ་དོན་རྒྱ་ཆེར་བསྒྲུབས་པའི་གྲུབ་ཐོབ་ཡབ་སྲས་དེ་དག་གི་སྒྲུབ་གནས་ཡིན་པ་དང་། ཕུག་པའི་ནང་དུ་རང་བྱུང་གི་ཆུ་འགོ་ཆུང་ཆུང་ཡོད་པ་ནི་གཏེར་ཆུ་ཡིན་པ་དང་ཀླུ་ཆུ་ཡིན་ཚུལ་གྱི་བཤད་ཚུལ་མི་འདྲ་བ་མཆིས་ཀྱང་དོན་དུ་གསལ་སྟོང་ཤྭ་སྒོམ་གྱི་གྲུབ་ཆུ་ལས་མ་འདས་ཅིང་མི་གསར་པ་རྣམས་ཀྱིས་ལྟ་མི་ཉན་པར་བཤད། ཕྱིས་སུ་བྱམས་ཆེན་བྱ་བླ་མ་སྒྲུབ་གནས་དེར་བཞུགས་སྐུ་ཚེ་སྒྲུབ་པས་སྐྱེལ། གདུང་རྟེན་གྱི་ཤུལ་ད་ལྟ་ཡང་མཇལ་རྒྱུ་ཡོད། དེ་ཕྱིས་སུ་རྟོགས་ལྡན་འབྲས་དཀར་ཆོས་ལྡན་བཞུགས། སྒྲུབ་པ་ཉམས་ལེན་དཔག་མེད་གནང་། སྤྱི་ལོ་༡༩༥༨ལོར་ཉམ་གུད་དུ་གྱུར། བོད་ཤིང་རྟ་ལོར་གཡེར་པ་རུ་ཆེན་གྱི་ཇ་དགོན་གྲྭ་བཙུན་རྣམས་དང་དད་ལྡན་མང་ཚོགས་བཅས་པས་སླར་གསོ་གནང་། ད་ལྟའི་ཆར་ཇ་པ་དགོན་པའི་བླ་མ་ཀུན་བཟང་རྒྱུན་དུ་བཞུགས་པ་དང་དགེ་བའི་བཤེས་གཉེན་རྣམས་ཐུགས་ཁོམ་དང་བསྟུན་ཏེ་རྒྱུད་སྡེ་རྣམས་ཀྱི་བསྙེན་སྒྲུབ་གནང་ཞིང་དད་ལྡན་རྣམ་ལ་ཆོས་གསུངས་བཞིན་བཞུགས་སོ།།