མཚམས་ཁང་རི་ཁྲོད།

མཚམས་ཁང་རི་ཁྲོད་བསམ་གཏན་ཡིད་འོང་དགའ་ཚལ་གླིང་ནི། ཀརྨ་ཀཾ་ཚང་གི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཞིག་ཡིན་ལ། དགོན་པ་གང་དུ་ཆགས་པའི་ས་གནས་ནི། བོད་ལྗོངས་ཆབ་མདོ་དཔལ་འབར་རྫོང་རབ་ཡུལ་ཤང་གི་མངའ་ཁོངས་སུ་ཡོད་ཅིང་། དཔལ་འབར་རྫོང་དང་བར་ཐག་ལེ་དབར་༩༥ཡར་མར་ཞིག་ཡོད། དགོན་འདི་དུས་རབས་བརྒྱད་པའི་ནང་སྟེ་སྤྱི་ལོ་༧༩༥ ཡས་མས་ལ་ལོ་ཆེན་བཻ་རོ་ཙ་ན་གནས་འདིར་ཕེབས་ནས་དགོན་པའི་རྨང་བཏིང་། སྐབས་དེར་རྡོ་ཨ་དཀར་ལ་ཞབས་རྗེས་བཞག་པ་ད་ལྟའང་མཇལ་རྒྱུ་ཡོད། དུས་ཕྱིས་གཏེར་ཆེན་འཛམ་གླིང་འོད་གསལ་རྡོ་རྗེ་ཕེབས་ཏེ་བཙུན་པ་དང་བཙུན་མ་དགེ་བསྙེན་གྱི་སྡེ་བཅས་བཙུགས། དེ་ནས་དུས་སྐབས་ཤིག་ལ་ཅུང་ཟད་ཉམས་རྒུད་དུ་སོང་ཡང་། དུས་རབས་བཅུ་བདུན་པའི་སྟོད་དུ་ཀརྨ་པ་ཆོས་དབྱིངས་རྡོ་རྗེས་སྒར་ཆེན་འཛམ་གླིང་རྒྱན་དུ་སྐྱོང་བཞིན་ཁམས་ཕྱོགས་ནས་ཡར་ཕེབས་སྐབས། མགོན་པོ་དགོན་གྱི་བླ་མ་བསྟན་རྒྱས་ཆོས་འཕེལ་མཆོག་ལ་མ་འོངས་གང་ལྕགས་བེར་གསུམ་སོགས་ལ་དགོན་སྡེ་དུ་མར་སྐྱོང་བའི་ཞལ་ལུང་གནང་བ་བཞིན།  ཕྱིས་མགོན་སྤྲུལ་མཆོག་ས་ཆ་འདིར་ཆིབ་ཁ་བསྒྱུར་ཏེ་དགོན་པའི་རྒྱབ་རི་བྱིན་འབེབ་ཀྱིས་གནས་སྒོ་སླར་ཡང་ཕྱེས་པ་དང་། སྡེ་དགོན་ལྷན་དུ་འདུས་ཏེ་སྨན་སྒྲུབ་བཙུགས་ཤིང་བཀའ་ཆོས་གནང་། སྨན་སྒྲུབ་འཚོགས་སྐབས་སྨན་ཐོད་ལྷོག་ལྷོག་ཏུ་ཁོལ་བ་དང་།  རྒྱལ་ཐོ་འདོགས་སའི་ཤུག་པ་ལ་མེ་ཏོག་བཀྲགས་པ་སོགས་ངོ་མཚར་བའི་ལྟས་བཟང་དུ་མར་བྱུང་བ་ད་ལྟའི་བར་ངག་རྒྱུན་ལ་གྲགས། དེ་ནས་བཟུང་དགོན་པ་འདིར་ཆོས་བརྒྱུད་ཀཾ་ཚང་དུ་གཏོགས་ཤིང་མགོན་པོ་དགོན་གྱི་དགོན་ལག་ཏུ་གྱུར། 

ཁྱད་པར་དུ་མགོན་སྤྲུལ་བཅུ་གསུམ་པ་ཀུན་བཟང་འོད་གསལ་རྡོ་རྗེ་དགོན་འདིར་སྒྲུབ་མཆོད་བཙུགས་ཤིང་བཀའ་ཆོས་གནང་སྟེ་དགོན་པ་བསྐྱར་གསོ་མཛད། སྔ་ཕྱིར་མགོན་པོ་དགོན་པའི་བླ་མ་རྣམས་ཀྱིས་གཟིགས་སྐྱོང་འོག་དགོན་པ་འདི་ཡུན་རིང་དུ་གནས་པ་དང་། ལྷག་པར་དུ་སྤྱི་ལོ་༢༠༠༥ལོར་མགོན་སྤྲུལ་བཅོ་ལྔ་པ་ཚེ་དབང་བདུད་འདུལ་མཆོག་གིས་མགོན་པོ་དགོན་གྱི་སྒྲུབ་བླ་ཀརྨ་ཨོ་རྒྱན་མཆོག་གདན་ས་འདིའི་བསྟན་བདག་ཏུ་ཕེབས་དགོས་པའི་བཀའ་བསྩལ་བས།  ཁོང་བླ་མའི་བཀའ་བཞིན་ཕེབས་ཏེ་དགོན་པའི་ཕྱི་ནང་བར་གསུམ་གྱི་ཐུགས་འགན་གཙང་བཞེས་ཀྱིས་རྟེན་གཞི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་དང་། བསྟན་རྩ་བཙུན་མའི་སྡེ་བརྒྱ་ཕྲག་ལ་ཉེ་བ་བསྡུས་ཏེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་འཛིན་སྐྱོང་གནང་བཞིན་པའོ། །