ཀརྨ་དགོན་གསར་དགོན།

དེ་ཡང་དགོན་འདི་མདོ་ཁམས་ཏྲེ་ཤོད་རོང་པ་ཚའི་ཧོར་གྱི་གདོང་ཆེན་ཉལ་ཉའམ་ཡུལ་ལྷ་དེའི་ཉེ་འདབས་སུ་ཆགས་ཡོད། སྔར་དགོན་འདི་ནི་ཏྲེ་སྟོད་རབ་གནས་ཐང་གི་ཡར་ངོས་དེང་གི་དགོན་གསར་གྲོང་ཞེས་པ་དེ་ལ་ཐོག་མ་ཆགས་ཡོད་ཚུལ་དང་། རབ་བྱུང་བཅུ་གཅིག་པའི་ནང་སོག་དམག་གིས་གཏོར་ཞིང་། སྐབས་དེར་བླ་གྲྭ་སྐོར་ཅིག་ད་ལྟའི་དགོན་པ་ཆགས་སའི་གྱང་རས་མགོ་ཞེས་པའི་ས་ཆར་སླར་ཡང་ཕྱག་བཏབ་གནང་སྟེ། དེ་ལ་འོག་མིན་གཉིས་པ་ཀརྨ་དགོན་གསར་དགོན་ཞེས་གྲགས། དེ་རྗེས་སུ་ཕྱི་ལོ་ ༡༧༤༦ ལོར་ས་ཡོམ་གྱིས་ཡུལ་དགོན་སྤྱི་ལ་ཉམས་ཉེས་ཚབ་ཆེན་ཐེབས་ཚུལ་དང་། ད་ལྟའི་དགོན་རྙིང་དགོས་འདོད་ཀུན་འབྱུང་ཞུ་བའི་གཙུག་ལག་ཁང་འདི་ནི་ཕྱི་ལོ་ ༡༨༨༧ ལོར་བླ་མ་ཀར་གཡང་མཆོག་གིས་དགོན་འདི་རྒྱ་བསྐྱེད་གནང་། ད་སྐབས་སྤྲུལ་སྐུ་༧དབང་ཆེན་རིན་པོ་ཆེ་མཆོག་རབ་བྱུང་བཅུ་བདུན་པའི་ནང་དགོན་འདིའི་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ་ཏེ་བསྟན་པའི་བདག་པོ་རུ་གྱུར། འོག་མིན་གཉིས་པ་ཀརྨ་དགོན་གསར་དགོན་གྱི་ལོ་རྒྱུས་མདོར་བསྡུས་ཙམ། ཞིབ་པ་ཤེས་འདོད་ན་ལོ་རྒྱུས་རྒྱས་པ་ལས་གསལ་ལོ། །