ཨ་འགེ་ཡུལ་དབང་དགོན།

ཨ་འགེ་ཡུལ་དབང་དགོན་སྒྲུབ་བརྒྱུད་ངེས་དོན་ཆོས་འཁོར་གླིང་ནི་འགྲོ་མགོན་ཕག་མོ་གྲུ་པའི་ཐུགས་སྲས་ཡེལ་པ་ཡེ་ཤེས་བརྩེགས་ཀྱི་གདན་ས་བྱང་རྟ་རྣ་དགོན་ལ་བླ་ཁག་བདུན་བཞུགས་པའི་ཡ་གྱལ་ཨ་འགེའི་གདུང་ལས་བྱོན་པའི་ཨ་འགེ་བླ་མ་འཇིགས་མེད་དཀོན་མཆོག་བསྟན་གསལ་གྱིས་རབ་བྱུང་བཅུ་བཞི་པའི་ནང་ཙམ་ ཕྱག་བཏབ། བཤད་སྒྲུབ་ཀྱི་སྡེ་བཙུགས་ཤིང་འཆད་ཉན་སྒོམ་སྒྲུབ་ཀྱི་སྒོ་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འདི་གསལ་བར་མཛད། །གཤེགས་པའི་ལོ་ཚིགས་མི་གསལ།

རིམ་གྱིས་གདུང་རབས་རིམ་བྱོན་དང་སྤྲུལ་རྒྱུད་རྣམས་ཀྱིས་ཁོང་གི་མཛད་འཕྲིན་གྱི་འཕྲོ་བཤད་སྒྲུབ་ཀྱི་རྒྱུན་ལེགས་པར་བསྐྱངས།

དགོན་འདི་ནས་གྱེས་པའི་དགོན་ལག་ལ་མཛོ་རྭ་གནམ་ལྡིང་སྔགས་པ་གྲྭ་ཚང་དང་མཛོ་རྭ་དགེ་དགོན། ཞེ་ཞོག་དགེ་དགོན། མདོ་ཆེན་ཁའི་བཙུན་དགོན་བཅས་ཡོད།

དུས་ཟིང་སྐབས་གངས་ལྗོངས་ཡོངས་ཀྱི་གནས་བབ་ལྟར་བསྟན་དགོན་འདི་ཉིད་ལ་ཡང་ཉམས་ཉེས་ཚབས་ཆེན་ཐེབས། ཡང་དར་བསྟན་པའི་ཉིན་བྱེད་འཕྲོ་བ་དང་ལྷན་ཨ་འགེ་བླ་མ་ཀརྨ་ཕྲིན་ལས་མཆོག་གིས་དབུ་བྱས་ཏེ་བསྟན་དགོན་སླར་གསོ་མཛད།

ད་ཆ་འཆད་ཉན་སྒོམ་སྒྲུབ་དང་གཙུག་ལག་ཁང་དང་གྲྭ་ཤག་སློབ་གྲྭ་སོགས་བཞེངས་བསྐྲུན་དང་བཤད་སྒྲུབ་ལས་གསུམ་གྱི་འཁོར་ལོ་རིམ་གྱིས་ཡར་ངོའི་ཟླ་ལྟར་འཕེལ་བཞིན་པ་ལགས།