ལྷོ་སྐྱབས་ཆེ་དགོན།

ལྷོ་སྐྱབས་ཆེ་དགོན་ངེས་གསང་ཟབ་མོ་བཤད་སྒྲུབ་རྟག་བརྟན་དར་རྒྱས་གླིང་ནི། བོད་ལྗོངས་ཆབ་མདོ་འཇོ་མདའ་རྫོང་གཏེར་སྟོན་ཡུལ་ཚོའི་མངའ་ཁོངས་སུ་ཆགས་པའི་ཀཾ་ཚང་གི་དགོན་སྡེ་ཞིག་ཡིན། ཐོག་མར་བྱང་གནམ་མཚོའི་ཉེ་འགྲམ་གནམ་རུ་རྫོང་གི་བྱང་སྟོད་བེར་སྒོའི་ཕྱོགས་སུ་འབྲོག་སྡེའི་ཚུལ་དུ་ཆགས་ཤིང་། རྒྱ་བོད་སོག་གསུམ་གྱིས་གནང་བའི་འཇའ་ས་ཐོབ་པའི་བླ་དཔོན་ཟུང་འབྲེལ་གྱིས་འཁོར་འབངས་ཡུན་རིང་བསྐྱངས། རུས་རིགས་དེ་ལྡན་གྱི་སྐྱབས་ཆེ་རྟོགས་ལྡན་ལ་ལྔ་པ་དེ་བཞིན་གཤེགས་པས་དབུ་ཞྭ་མཐོང་གྲོལ་ཆེན་མོའི་བཞུགས་གདན་གྲུ་བཞི་འདི་ལ་ཞྭ་འགག་ཐོགས་ནས་ཁྱོད་ཀྱི་དབུ་ཞྭ་མཛོད་དང་། གླིང་བཞི་ཟིལ་གྱིས་གནོན་པའི་རྟེན་འབྲེལ་ཡོད་གསུངས་ཏེ་གནངས་བས་དེ་ནས་བཟུང་སྟེ་སྐྱབས་ཆེའི་ཞྭ་དམར་གྲུ་བཞི་གྱོན་པའི་ལུགས་སྲོལ་བྱུང་། ཕྱིས་སུ་སྡེ་དགེའི་རྒྱལ་པོའི་བཀའ་ལྟར་མདོ་སྨད་དུ་ཕེབས་པས་རྒྱལ་པོས་གོ་འཛི་གཉིས་ཀྱི་ས་ཆ་མཆོད་ཐེབས་སུ་བསྩལ། མདོ་སྔགས་སྤྱི་དང་ཁྱད་པར་གཅོད་ཀྱི་ཉམས་བཞེས་གཙོ་བོར་མཛད་ནས་གཅོད་ཀྱི་རང་རྐང་ཟིན་པའི་གྲུབ་ཐོབ་མང་དུ་བྱུང་བས་སྐྱབས་ཆེ་གཅོད་སྒར་ཞེས་མཚན་ཐོགས། དུས་ཕྱིན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རྟོགས་པའི་བསྟན་པ་དར་རྒྱས་ཡོང་བའི་དབུགས་དབྱུང་དང་བཅས་ཏེ་གཙུག་ལག་ཁང་སོགས་ཇི་ལྟར་བཞེངས་ཚུལ་གྱི་བསླབ་སྟོན་གནངས་ཤིང་། ཀ་ཉིན་ལུང་ཆོས་གྲྭ་དར་རྒྱས་གླིང་ཞེས་མཚན་གསོལ་ནས་བདེན་ཚིག་གྲུབ་པའི་སྨོན་ལམ་བཅས་མཛད་པ་ནས་བཟུང་སྟེ་ད་ལྟའི་དགོན་ས་འདི་བྱུང་བ་ཡིན་ནོ།། དེ་ནས་བཟུང་སྟེ་མདོ་སྔཊ་རིག་གནས་དང་བཅས་པ་སྦྱོང་སའི་བཤད་གྲྭ་དང་། ཕྱོགས་མེད་རི་ཁྲོད་འགྲིམ་པའི་སྒོམ་གྲྭ། ཚེས་དུས་སྒྲུབ་མཆོད་གནང་བའི་གཞུང་གྲྭ། མཚམས་བསྙེན་སྒྲུབ་མཛད་པའི་བཙུན་དགོན་སོགས་ཀྱིས་སྤྱི་དང་བྱེ་བྲག་གི་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་པ་ལགས་སོ།། གོ་གསོས་སྨན།