ཚབ་ཚ་དགོན།

བོད་ཁམས་གླིང་ཚང་གི་ཡུལ་གླིང་རྗེ་གེ་སར་རྒྱལ་པོ་སྐུ་འཁྲུངས་ཡུལ་ས་སྐྱིད་སོས་ཡག་གི་ཁ་མདོར་ཨ་ཕྱུག་ལྷ་སྡེའི་དཀྱིལ་དུ་ཚབ་ཚ་ཆོས་འཁོར་རྣམ་རྒྱལ་གླིང་ཡོད། ཐོག་མར་ཀུན་མཁྱེན་བརྒྱད་པ་ཀརྨ་པ་མི་བསྐྱོད་རྡོ་རྗེའི་དངོས་སློབ་ཚབ་ཚ་བླ་མ་རྟོགས་ལྡན་གྲགས་པ་རྒྱལ་མཚན་གྱིས་རྨེ་བུ་ཕྱག་དགོན་ཕྱག་བཏབ། དེ་ནས་སྐྱེས་ཆེན་ན་རིམ་གྱིས་ལྕགས་མོ་མདོ་སྟེང་དང་གླང་ཐིལ་སྡེ་དགོན་སོགས་ལ་ཀར་བསྟན་རྒྱུན་སྐྱོང་མཛད། ཀུན་གཟིགས་དཔལ་ཆེན་ཆོས་ཀྱི་དོན་འགྲུབ་ཀྱིས་ལུང་བསྟན། ཕྱི་ལོ་ ༡༧༣༢ ལོར་ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ས་འདུར་རབ་གནས་མཛད་དེ། སྒྲུབ་སྤྲུལ་བཞི་པ་ཆོས་འཛིན་རྒྱལ་པོས་ཕྱག་བཏབ་པའི་ཚབ་ཚ་ཆོས་འཁོར་རྣམ་རྒྱལ་གླིང་དུ། ཚོགས་ཆེན་འདུ་ཁང་གསར་རྙིང་རྟེན་བརྟེན་པ་བཅས་ལ་གྲྭ་ཤག་གསར་རྙིང་མང་། མཆོག་གི་སྤྲུལ་སྐུ་དང་མཁན་པོ་བླ་མ་དགེ་མདུན་འདུས་སྡེ་ཡོངས་ཀྱིས་སྒྲུབ་ཆེན་ཁག་གསུམ་དང་རྒྱལ་བདེ་ཕག་གསུམ་སོགས་སྒྲུབ་ཆེན་དང་སྒྲུབ་མཆོད་ཚོགས་མུས་དང་། བཤད་གྲྭ་ཐུབ་བསྟན་ལུང་རྟོགས་དར་རྒྱས་གླིང་དུ་དགེ་སློབ་ཡོངས་ཀྱིས་ཐོས་བསམ་གནང་བཞིན་པ་དང་། ནཱ་རོ་སྒྲུབ་ཁང་དང་ནི་གུ་སྒྲུབ་ཁང་གྲོ་ལུང་སྒྲུབ་ཁང་བཅས་སྒྲུབ་ཁང་ཁག་གསུམ་གྱི་བླ་སློབ་རྣམས་བསྙེན་སྒྲུབ་ལ་གཞོལ། ཇོ་དགོན་དང་བཙུན་མའི་ཤངས་ཆོས་སྒྲུབ་སྡེ་ལ་བཙུན་མ་བརྒྱད་བཅུ་ལྷག་བཞུགས། གེ་སར་ལྷ་ཁང་ལ་གླིང་གི་མནའ་རྫས་རིགས་དང་གེ་སར་ཆིབས་རྟ་བཞོན་པ་དང་དཔའ་ཐུ་མོ་སྨན་སོགས་འདྲ་སྐུ་སོགས་བདོག བཀའ་དགོན་འདིར་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་སྒྲུབ་བརྒྱུད་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་ལ་མཛད་རྗེས་བླ་ན་མེད་པའོ། །