སྟག་རི་དགོན།

དཔལ་རྒྱལ་བ་བཀའ་བརྒྱུད་པའི་ཆོས་སྡེ་སྟག་རི་དགོན་ཐུབ་བསྟན་ཆོས་འཁོར་གླིང་ནི་བོད་མདོ་ཁམས་འཇོ་མདའ་རྫོང་འཛི་སྒར་ཤང་རི་མོད་ཀྱི་ས་ཆར། དེ་ཡང་། རྒྱལ་བའི་འབྱུང་གནས་མཚོ་སྐྱེས་རྡོ་རྗེ་དང་། །བསྟན་པའི་ཉི་མ་ཀརྨ་དུས་མཁྱེན་སོགས། །རྩ་རྒྱུད་བླ་མ་ཀུན་གྱི་བསྟན་སྲུང་ནི། །གཉུ་རྒྱལ་ར་ལ་བྱ་ཁྱུང་འཕྲུལ་གྱི་མི། །ཞེས་གསུང་པ་ལྟར་རྒྱལ་བའི་བསྟན་སྲུང་ཆེན་པོ་གཉུ་རྒྱལ་ར་ལ་བྱ་ཁྱུང་གི་མདུན་ཞོལ། ས་དཔྱད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་རི་དུང་དཀར་གཡས་འཁྱིལ་འདྲ་བའི་དཀྱིལ་ཁོག་ཏུ་དུས་རབས་ཉི་ཤུ་ནང་གྲུབ་དབང་ཀརྨ་སྟོབས་རྒྱལ་རིན་པོ་ཆེའི་གསར་དུ་ཕྱག་བཏབ་ནས་གྲུབ་ཆེན་རིན་པོ་ཆེ་ལ་སྙན་ཞུ་ཕུལ་བས་གྲུབ་ཆེན་མཆོག་གིས་རས་སེར་པོ་ཁ་གང་གི་ངོས་སུ་གྲུབ་ཆེན་ཉིད་ཀྱིས་ཕྱག་བྲིས་མཛད་ནས་དགོན་པའི་མཚན་ལ་༼འཛམ་གླིང་སངས་རྒྱས་བསྟན་པ་སྤྱི་ཡི་ཞབས་བརྟན་གྱི་སྒྲུབ་སྡེ་ཐུབ་བསྟན་ཆོས་འཁོར་གླིང་།༽ཞེས་མཚན་གསོལ་ཏེ། ཕྱག་གཡས་གཡོན་གྱི་རྗེས་བཞག་པ་དང་དུང་དཀར་པོ་གཡས་འཁྱིལ་གཡོན་འཁྱིལ་གཉིས་བཅས་གནང་། རབ་གནས་དང་གནས་ཆེན་བྱིན་འབེབས་མཛད་སྐབས་ཨ་རུ་ར་རློན་པ་བྱ་དེའི་སྒོ་ང་ཙམ་ཞིག་བབས། གནས་ཁང་ཕྱི་ནང་ཀུན་ཏུ་ཉིན་བདུན་ཙམ་གྱི་རིང་དྲི་ངད་ཀྱིས་ཁྱབ་པ་དང་དགོན་པའི་ཕྱོགས་མཚམས་མ་ངེས་པ་ནས་དུང་གི་རང་སྒྲ་དུས་ཡུན་རིང་བར་གྲགས་པ་བྱུང་། གྲུབ་ཆེན་རིན་པོ་ཆེས་ཁྱེད་ཀྱི་སྒྲུབ་གནས་ལ་ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཁ་བ་བུ་ཡུག་འཚུབས་པ་ལྟར་ཐིམ་པའི་སྣང་བ་འདུག་གསུངས་། བླ་མ་ཀརྨ་སྟོབས་རྒྱལ་རིན་པོ་ཆེ་སྐུ་མཚམས་ལ་བཞུགས་སྐབས་སྒྲུབ་གནས་ཀྱི་རི་ལུང་ཀུན་ཚེ་དཔག་མེད་ཀྱི་སྐུའི་གང་བར་རྨིས་པས་གནས་དེར་ཞིང་སྒྲུབ་དང་ཚེ་སྒྲུབ་མཛད་ན་ཚེ་ལ་དབང་བ་དང་ཞིང་ཁམས་འགྲུབ་པ་ལ་བསླུ་བར་མེད་གསུངས། རྗེ་ཉིད་ཀྱིས་ཕྱོགས་ཉེ་རིང་ནས་ཕེབས་པའི་སློབ་མ་རྣམས་ལ་ཐབས་ལམ་ནཱ་རོ་ཆོས་དྲུག་དང་། གྲོལ་ལམ་ཕྱག་རྒྱ་ཆེན་པོ་གཙོས་པའི་ཟབ་ཆོས་ཕངས་མེད་དུ་བསྩལ་བ་དང་། དགོན་འདིར་སྐུ་གསུམ་སྒྲུབ་པའི་རྒྱལ་མཚན་བཙུག ཕྱིས་བྱ་བྲལ་བླ་མ་མཁྱེན་རབ་རིན་པོ་ཆེ་སྐུ་ཚབ་ཏུ་བཞག་མཛད་པས་སྒྲུབ་བསྟན་དར་རྒྱས་མཛད། ད་ཆ་གྲུབ་དབང་བླ་མ་ཀརྨ་སྟོབས་རྒྱལ་རིན་པོ་ཆེའི་བཀའ་ལུང་ལྟར་བླ་མ་ཀུན་དགའ་བློ་གྲོས་ཀྱིས་སྒྲུབ་བསྟན་འཛིན་སྐྱོངས་བྱེད་བཞིན་པ་ལགས།། །།

ptr
ptr
dav
rhdr