གནས་མདོ་བཀའ་བརྒྱུད།

༧མཁས་གྲུབ་ཀརྨ་ཆགས་མེད་མདོ་རྒྱུད་དུ་མར་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ལུང་གིས་ཟིན་པ་འདི་ཉིད་༧ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་དང་། ༧ ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེ་རིགས་ཀྱི་བདག་པོར་བསྟེན་ནས་རྗེ་འདི་ཉིད་ལས་བྱུང་བའི་ཆོས་བརྒྱུད་ལ་གནས་མདོ་བཀའ་བརྒྱུད་ཅེས་གྲགས་པ་བྱུང་། རབ་བྱུང་བཅུ་པ་སྤྱི་ལོ་༡༦༠༣ལོར་ཆབ་མདོའི་ཆར་གཏོགས་རི་བོ་ཆེ་དང་ཉེ་བའི་སར་ངོམ་ཆུ་རྒྱུད་དུ་གནས་མདོའི་མ་དགོན་ངོམ་གནས་མདོ་དཔལ་རི་རྩེ་ཕྱག་བཏབ་གནང་། གནས་འདིར་མི་ལོ་བཅུ་གསུམ་རིང་ཐུགས་རྗེ་ཆེན་པོའི་བཅད་བརྒྱར་བཞུགས། སྐབས་དེར་གནས་མདོ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་དགོངས་གཏེར་གྱི་ཚུལ་དུ་བཞེས་གནང་། གཞན་ཡང་རི་ཆོས་མཚམས་ཀྱི་ཞལ་གདམས་སོགས་གཏོ་རྩིས་ཡན་ཆད་ཀྱི་གསུང་རྩོམ་སྐོར་བཀའ་འབུམ་པོ་ཏི་གྲངས་མང་བཞུགས། འོན་ཀྱང་ད་སྐབས་དངོས་སུ་བསྡུ་རུབ་ཐུབ་པ་པོད་དྲུག་ཅུ་རེ་ལྔ་ཙམ་བྱུང་།

༑ ངོམ་གནས་མདོའི་གདན་ས་བཀྲ་ཤིས་ཆོས་གླིང་ནི།
མཁས་གྲུབ་ཀརྨ་ཆགས་མེད་སྐུ་ཕྲེང་ལྔ་པ་གསང་སྔགས་བསྟན་འཛིན་གྱིས་སྤྱི་ལོ་༡༨༦༠རེ་གྲངས་ལོར་ངོམ་ཆུ་རྒྱུད་དང་དཔལ་རི་རྩེ་ཉེ་བའི་སར་ཕྱག་བཏབ།།