སྙེ་མོ་སྟག་ཆེན་བཙུན་དགོན།

     སྟག་ཆེན་གནས་བརྟན་ཆོས་གླིང་དགོན་ནི། ཐོག་མར་རྒྱལ་ཚབ་སྐུ་ཕྲེང་གསུམ་པ་གྲགས་པ་དཔལ་འབྱོར་དེ་ཉིད་ཨོ་རྒྱན་སངས་རྒྱས་གཉིས་པས་བྱིན་གྱིས་བརླབས་པའི་གུ་རུའི་སྒྲུབ་ཕུག་ཏུ་སྒྲུབ་པ་ལ་བཞུགས་སྐབས་སྤྱི་ལོ་ ༡༥༤༠ ཡས་མས་སུ་གུ་རུའི་སྒྲུབ་ཕུག་གི་རི་གཤམ་དུ་སྟག་ཆེན་དགོན་པ་ཕྱག་བཏབ། བཙུན་མ་ཡང་མང་པོ་འདུས། དེ་རྗེས་ལོ་བརྒྱ་ཡས་མས་མཚམས་སུ་ལྷོ་ཕྱོགས་རི་བོ་ཆེའི་འདབས་སུ་དགོན་པ་གནས་སྤོས་ནས་ཆོས་སྤྱོད་ཀྱི་བྱ་བ་སྤེལ། དེ་རྗེས་རྒྱལ་ཚབ་སྐུ་ཕྲེང་བརྒྱད་པ་ཆོས་དཔལ་བཟང་པོས་སྤྱི་ལོ་༡༨༠༠ ཡས་མས་སུ་ནུབ་ཕྱོགས་གནས་ཆེན་དྲིལ་བུའི་རི་ལྡེབས་སུ་གནས་སྤོས་མཛད་ནས་རྒྱལ་ཚབ་སྐུ་ཕྲེང་རིམ་བྱོན་གྱི་གཟིགས་སྐྱོང་འོག་བཙུན་མ་བརྒྱ་ལྷག་ཙམ་གྱིས་སྒྲུབ་པ་གཙོ་བོ་བྱས་ནས་རྒྱུན་བསྐྱངས། རིག་གསར་གྱི་རྗེས་སུ་བཙུན་རྒན་མ་ཐུབ་བསྟན་ལགས་སོགས་བཙུན་མ་རྒན་པ་རྣམས་ཀྱིས་འགོ་བྱས། དད་ལྡན་མང་ཚོགས་རྣམས་ཀྱིས་རྒྱབ་སྐྱོར་འོག་སྤྱི་ལོ་༡༩༨༦ ལོར་དབུ་བཟུང་ནས་རིམ་བཞིན་དགོན་འདིའི་ཕྱི་ནང་གསུམ་ལེགས་པར་གྲུབ་ནས་ད་ལྟའི་ཆར་གདན་ས་མཚུར་ཕུ་ཆོས་ཁང་གོང་དང་སྟོད་ལེབ་དགོན་གྱི་ཐུགས་ཁུར་གྱི་འོག་ལ་བཙུན་མ་སུམ་ཅུ་ལ་ཉེ་བས་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་ཉམས་ལེན་དང་རྒྱུད་སྡེའི་སྒྲུབ་མཆོད་དཔེ་ཆ་སློབ་གཉེར་སོགས་འཐུས་སྒོ་ཚང་བར་བཞུགས་སོ།།