ཟུར་མང་རྡོ་དགོན།

ཟུར་མང་རྡོ་དགོན་ངེས་དོན་གཞན་སྟོང་ཆོས་འཁོར་དར་རྒྱས་གླིང་ངམ་འབྲོང་པ་རྡོ་དགོན་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་དེང་དུས་ཟུར་མང་ཡུལ་ཚོ་རྡོ་གྲོང་སྡེའི་རྡོ་ནང་དུ་
ཡོད། དཔལ་ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པའི་ཐུགས་སྲས། དཔལ་ལྡན་ཟུར་མང་བཀའ་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་གྲུབ་པའི་དབང་ཕྱུག་དྲུང་རྨ་སེ་བློ་གྲོས་རིན་ཆེན་དགུང་ལོ་སོ་དགུ་པ་རབ་བྱུང་བདུན་པའི་ཤིང་འབྲུག། སྤྱི་ལོ་1424]ལོར་དགོན་ས་མཛད་པའོ། །
དེའི་ཕྱིན་དགོན་པ་འདི་ལ་ཡབ་སྲས་གཉིས་ནས་རྡོ་ཕུན་ཚོགས་དར་རྒྱས་ངེས་དོན་གཞན་སྟོང་ཆོས་འཁོར་གླིང་དུ་མཚན་གསོལ།
གཙུག་ལག་ཁང་ཐུབ་བསྟན་དར་རྒྱས་གླིང་གི་རྟེན་བརྟེན་པ་དང་བཅས་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་གདུང་འབུམ་དཔལ་རིག་པ་མེད་པའི་མཆོད་རྟེན་གཙོས་བླ་མ་མང་པོའི་གསེར་དངུལ་གྱི་གདུང་འབུམ་ཐུགས་རྟེན་གྱི་སྐོར་དང་། གསེར་བྲིས་བཀའ་འགྱུར་གཙོས་བཀའ་བསྟན་མང་པོ་མཇལ་གྱི་ཡོད།
གཞན་ཡང་སྟོད་སྨད་སྒྲུབ་སྡེ་གསུམ་དུ་གྲགས་པའི་སྟོད་ཀྱི་ལོ་ཆེན་སྒྲུབ་སྡེ་ནི་མཆོག་གཞུང་གི་ལོ་ཆེན་ནང་དུ་ཡོད། སྔོན་ལོ་ཆེན་བཻ་རོ་ཙཱ་ན་བཞུགས་གནས་སུ་གྲགས།
བར་གྱི་ལྷ་ལུང་ནང་ནི། ཟུར་མང་མཁའ་འགྲོ་སྙན་བརྒྱུད་ཀྱི་སྒྲུབ་སྡེ། རས་ཆུང་པའི་སྒྲུབ་ཕུག་བཅས་ཡོད།
སྨད་ཀྱི་ཤིང་ཉག་རྫིང་རྒྱལ་རི་ཁྲོད་ནི་ཟུར་ལུགས་ཟབ་མོ་གཅོད་ཀྱི་གདམས་པ་ཆོས་རྗེ་རང་བྱུང་རྡོ་རྗེ་ནས་བརྒྱུད་དེ་ཟུར་མང་ལ་བཀའ་བབ་པའི་གཅོད་ཀྱི་སྒྲུབ་གནས་སོ། །
མགོན་ཁང་བདུད་སྤུངས་ཟིལ་གནོན། སྒྲོལ་མ་རྣལ་འབྱོར་མའི་སྒྲུབ་ཁང་སོགས་སྒྲུབ་ཁང་མང་པོ་ཡོད།
ཇོ་ཁང་ཐུབ་བསྟན་ཡར་འཕེལ་གླིང་གི་གཙུག་ལག་ཁང་འདི་རིག་གསར་དུས་མ་ཉམས་པ་ལྷག་ཡོད། དེང་དུས་ཞིང་ཆེན་རིམ་པའི་སྲུང་སྐྱོབ་ནང་དུ་ཡོད།
དེང་སྐུ་གསུང་ཐུགས་རྟེན་དང་ལྷ་ཁང་དང་བླ་བྲང་གྲྭ་ཤག་རྙིང་པ་ཧ་ཅང་མང་པོ་དང་། མ་ཎི་རྒྱལ་མཁར་ཆེན་མོ་དང་རྡོ་བརྐོས་ལྷ་སྐུ་འདྲ་མིན་མང་པོ་དང་མཆོད་རྟེན་མ་ཎི་དུང་འཁོར་སོགས་ངོ་མཚར་བསམ་བརྗོད་ལས་འདས་པའི་དགོན་རྙིང་འདི་འདྲ་མཇལ་རྒྱུ་དཀོན་པར་སྣང་ངོ། །
རྡོ་ཕུན་ཚོགས་དར་རྒྱས་ངེས་དོན་གཞན་སྟོང་ཆོས་འཁོར་གླིང་དུ་འབོད་པའི་འབྲོང་པ་ཤོག་ལྔ་ནས།