ལྷ་ཐོག་ཁྱུང་རྫོང་བཙུན་དགོན།

ལྷ་ཐོག་ཁྱུང་རྫོང་བཙུན་དགོན་དཔལ་བྱང་ཆུབ་ཆོས་འཁོར་གླིང་།

ལྷ་ཐོག་ཁྱུང་རྫོང་བཙུན་དགོན་ནི།
ལྷ་ཐོག་གནས་ཆེན་ཁྱུང་རྫོང་གི་མདུན་རོལ་དུ་སྤྱི་ལོ་༡༩༣༩ལོར་ལྷ་ཐོག་ཆོས་རྒྱལ་ཀརྨ་དོན་གྲུབ་དཔལ་ལྡན་གྱིས་ཕྱག་བཏབ། སྨྱུང་གནས་ལྷ་ཁང་སོགས་བཞེངས་ནས་འཚོ་བའི་མཐུན་རྐྱེན་སོགས་སྦྱར་ཏེ།ལྷ་ཐོག་དགོན་པའི་བླ་མ་འཁོར་བ་འཇིགས་བླ་བསྐོས་ལ་བསྐོ་བཞག་མཛད། བླ་མ་འཁོར་འཇིགས་ཀྱིས་འཛིན་སྐྱོང་ལེགས་པར་གནང་བས་བཙུན་མ་བརྒྱ་ལ་ཉེ་བ་ཙམ་ཡོད། སྨྱུང་གནས་དང་དུས་མཆོད་སྐབས་མ་གཏོགས་བཙུན་མ་རྣམས་སྐུ་འཚམས་ལ་བཞུགས་ནས་ཐབས་གྲོལ་གྱི་ལམ་རིམ་ཉམས་བཞེས་མཛད་སྲོལ་ཡོད། དུས་འགྱུར་སྐབས་ཉམས་ཆགས་ཚབ་ཆེན་ཤོར།
བསྟན་པ་སླར་གསོའི་སྐབས་ལྷ་ཐོག་དགོན་པས་ཆོག་མཆན་ཞུས་ཏེ་ཉམས་གསོ་གནང་། བླ་མ་ཧོར་པ་ཚེ་དགས་ལོ་བཅུ་ཕྲག་གཅིག་ཙམ་ལ་འཛིན་སྐྱོང་གནང་བས་དར་རྒྱས་སུ་སོང་། དེ་རྗེས་ལམ་དང་ཆུའི་ཆ་རྐྱེན་ཞན་པས་གོང་མ་ཁ་རུ་གནས་སྤོས་ཏེ་བླ་མ་ཚུལ་ཁྲིམས་མཐར་ཕྱིན་གྱིས་གཟིགས་སྐྱོང་གནང་ནས་ད་ལྟའི་སྐབས་ཡར་རྒྱས་སུ་འགྲོ་བཞིན་པ་ལགས་སོ།