གཤོལ་དགོན།

ས་གནས་བོད་ལྗོངས་ཉི་ཁྲི་སྤོ་བོ་རྫོང་གཤོལ་དགོན་ཕུན་ཚོགས་དར་རྒྱས་གླིང་འདི་ནི། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་ཡ་གྱལ་ཀརྨ་ཀཾ་ཚང་པའི་ཆོས་བརྒྱུད་ཞིག་ཡིན། སྤུ་བོ་མ་ལུང་དྲུག་གི་ནང་ཚན། སྤུ་སྟོད་ས་ཆ་གཡུ་སྤང་གངས་གསུམ་གྱི་ཡ་གྱལ་གངས་སོ་དགོན་པ་ནི། རབ་བྱུང་དྲུག་པ་སྤྱི་ལོའི་༡༣༨༦ཞྭ་དམར་སྐུ་ཕྲེང་གཉིས་པ་མཁའ་སྤྱོད་དབང་པོ་མཆོག་གིས་དགུང་ལོ་༣༧དུ་གངས་སོ་དགོན་ཕྱག་བཏབ་ཅིང་། དགེ་འདུན་པ་བརྒྱ་ལྷག་ཙམ་འདུས་ནས་བཀའ་བརྒྱུད་པའི་ཆོས་བརྒྱུད་མ་ཉམས་པ་ཡུན་དུ་བསྐྱངས་ཤིང་། རབ་བྱུང་དགུ་པའི་དུས་དཀྱིལ་སྤྱི་ལོ་༡༥༨༦ལོར་རང་བྱུང་གི་གནོད་འཚེ་བྱུང་ནས་དགོན་པའི་འོག་སྡེ་ཉེ་འཁོར་བརྒྱ་ལ་ཉེ་བ་་ཤྭ་འོད་ཆེན་པོའི་འོག་ཏུ་ཤོར་བ་དང།  དགོན་འདུ་ཁང་དང་གྲྭ་ཁང་རྣམས་ལ་གནོད་སྐྱོན་ཚབ་ཆེན་ཕོག་རྐྱེན་ ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེ་མཆོག་ལ་ཞུས་པས་།   དེར་བྱོན་ནས་གནས་སྤོར་སའི་ས་དཔྱད་མཛད་པས་རྫི་ཤུལ་གྲོང་ཚོའི་ས་འབུར་འདི་རྒྱང་ནས་བལྟས་ན་དུང་དཀར་དབྱིགས་ཅན་དུ་གཟིགས།  དུང་དཀར་དབྱིགས་ཅན་གྱི་སྟེང་དུ་འདུ་ཁང་ཐོག་བརྩེགས་གསུམ་ཅན་བཞེངས།   གཞན་ཡང་ཟླ་བ་བཅུ་གཉིས་ནང་མར་ལུགས་རྒྱུད་སྡེ་བཅུ་གསུམ་ལོ་རེ་མ་ཆད་པར་བཅས་ཀྱི་རྒྱུན་སྲོལ་ཆོས་ལུགས་ཆོ་ག་དབང་ཕྱུག་རྡོ་རྗེ་མཆོག་གིས་བཀས་བཀོད་བསྒྲིགས་གནང་བཞིན་དགོན་པའི་མཚན་ལ་༼གཤོལ་དགོན་ཕུན་ཚོགས་དར་རྒྱས་གླིང་འགྲོ་དྲུག་དགྱེས་པའི་དགའ་ཆེན་༽ཞེས་གསོལ།