གདན་ས་མཚུར་ཕུ་དགོན།

    དཔལ་མཉམ་མེད་འགྲོ་མགོན་ཀརྨ་བཀའ་བརྒྱུད་པའི་གདན་ས་ཆེན་མོ་འོག་མིན་མཚུར་ཕུ་དགོན་པ་ནི་ལྷ་ས་གྲོང་ཁྱེར་ནས་སྤྱི་ལེ་བདུན་ཅུ་ཙམ་གྱི་མཚམས་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཆགས་ཡོད་ཅིང་། དེར་རྒྱ་མཚོའི་ངོས་ནས་མཐོ་ཚད་རྨིད་4300 ལྷག་ཙམ་མཆིས། གནས་འདི་ནི་མཉམ་མེད་དྭགས་པོ་ལྷ་རྗེས་”རི་བོ་རིན་ཆེན་མཆོག་འདྲའི་ངོས་ལ་ནི།། རྒྱལ་པོ་བཞུགས་འདྲའི་རྒྱལ་ཡོལ་པད་འདབས་ལྟར།། ཤིན་ཏུ་མཛེས་གནས་བྱམས་པའི་སྐུ་ཡོད་དོ།། དེར་སོང་དངོས་གྲུབ་དམ་པ་ཐོབ་པར་འགྱུར།།”ཞེས་ལུང་བསྟན་པ་བཞིན་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པས་སྤྱི་ལོ་1189 ལོར་ཕྱག་བཏབ། ད་བར་བགྲང་བྱ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ལྡན། དགོན་འདི་ཉིད་ནི་ཀརྨའི་གདན་ས་གོང་འོག་བར་གསུམ་གྱི་གོང་མ་དང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་གནས་མཆོག་ལྔ་ལས་ཐུགས་ཀྱི་གནས་མཆོག །རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དང་པོ་ནས་བཅུ་བདུན་པའི་བར་གྱི་བཞུགས་གནས་སམ་གདན་ས་གཙོ་བོ་ཞིག་གོ །
     ལོ་རྒྱུས་ཐོག་གདན་ས་འདི་ཉིད་ནི་སྤྱིར་ཆོས་དང་རིག་གཞུང་གཉིས་ཀའི་གལ་ཆེན་གྱི་གནས་གཞི་དང་། ལྷག་ཏུ་སྤྲུལ་སྐུའི་ལམ་ལུགས་ཀྱི་ཆུ་འགོ། ཀར་དགོན་ཡོངས་ཀྱི་ཕྱི་མོ་ཡིན། ཀརྨ་པ་བཞི་པ་རོལ་པའི་རྡོ་རྗེའི་སྐུ་དུས་ན་ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་ཞེས་པ་དེ་དབུ་ཚུགས་ཤིང་། ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སུ་ཀརྨའི་སྒར་ཆེན་དེ་ཉིད་ཆེས་དར་རྒྱས་ཆེན་པོ་བྱུང་ནས་བཅུ་ཕྲག་རིག་པའི་གནས་ཐམས་ཅད་ཀྱི་ཕ་ས་དང་། དེ་ལ་སྦྱང་གོམས་ཆེ་བའི་དཔལ་ཁང་ལོ་ཙཱ་བ་སོགས་ཕུལ་བྱུང་གི་མཁས་གྲུབ་གཉིས་ལྡན་མང་པོ་ཞིག་གནས་འདི་ནས་བྱུང་།
     ཀརྨ་པ་སྐུ་ཕྲེང་བཅུ་པ་ནས་བཅུ་དྲུག་པའི་བར་དར་རྒུད་ཅི་རིགས་བྱུང་ཡང་།   ད་ལྟའི་ཆར་གདན་ས་འདིར་བཤད་སྒྲུབ་ཚོགས་གསུམ་ལས་བཤད་གྲྭ་ལུང་རིགས་པདྨ་གསར་པའི་དགའ་ཚལ་དུ། རང་ལུགས་ཀུན་མཁྱེན་མི་བསྐྱོད་པའི་ཡིག་ཆ་གཙོ་བོར་བྱས་པའི་མདོ་སྔགས་རིག་གནས་དང་བཅས་པ་ལ་བརྩོན་པ་དྲག་པོས་སྦྱང་བརྩོན་མཛད་བཞིན་པའི་འབྲས་བུ་རུ། གཞན་དྲིང་མི་འཇོག་པའི་བློ་གསར་མཁས་པའི་ཁྱུ་ཚོགས་ཆར་རྗེས་ཀྱི་ཤ་མོང་བཞིན་དུ་བརྡོལ་དང་རྡོལ་བཞིན་པ་དང་། སྒྲུབ་ཁང་ཆེ་འབྲིང་ཆུང་གསུམ་དུ་དགྱེས་མཛད་མར་པ་ལོ་ཙཱའི་རྒྱུད་སྡེ་ཁག་དང་ལྷག་པར་དུ་གཞན་ལ་མེད་པའི་ཆེ་ཆོས་ཟབ་ལམ་ནཱ་རོའི་ཆོས་དྲུག། གྲོལ་ལམ་ཕྱག་རྒྱ་ཆེན་པོ་སོགས་ཀྱི་ཉམས་བཞེས་གནད་དུ་སྨིན་ནས་སྒྲུབ་པའི་རྒྱལ་མཚན་མི་ནུབ་སྲིད་མཐའི་བར་དུ་སྒྲེང་བཞིན་པ་དང་།  ཚོགས་གྲྭ་གོང་འོག་གཉིས་ཆར་གྱིས་ལོ་རེ་བཞིན་དུ་གསར་རྙིང་རྒྱུད་སྡེ་ཉི་ཤུ་ལྷག་གི་མཐོང་བ་བརྒྱུད་པའི་ཕྱག་ལེན་ཕུལ་དུ་ཕྱིན་པའི་སྒོ་ནས་སྒྲུབ་མཆོད་ཁག་ཚོགས་དང་ཚོགས་བཞིན་པ་ལགས་སོ།།