ཨ་ཁྲོ་ཟུར་དགོན།

ཟུར་དགོན་བདེ་ལྡན་ངེས་དོན་དམ་ཆོས་གླིང་།
དགོན་པ་འདིའི་མཚན་གཞན་སྒ་གཞུང་དགོན་ཡང་ཞུ། དེ་ཡང་རྒྱལ་བའི་དབང་པོ་ཀརྨ་པཀྵི་བཀའ་ལུང་ལས། སྒ་པ་རིན་ཆེན་ཚོ་དྲུག་གི་གཞུང་དཀྱིལ་དུ་ས་ཡི་ཁྱད་པར་རི་བོ་གཏེར་གྱི་བུམ་པ་འདྲ་བའི་མདུན་ངོས་སུ། དགོན་པ་གདབ་ན། ཕན་དང་བདེ་བའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བར་སོགས་སྐྱེས་ཆེན་དུ་མས་ལུང་བསྟན་མཛད། དགོན་པ་འདིའི་ཕྱག་འདེབས་མཁན་ནི་དབོན་རྒྱུད་ནང་སོའི་བཀའ་བཞི་པ་རིན་ཆེན་དཔལ་ཡིན།
འགོས་ལོའི་དེབ་ཐེར་སྔོན་པོ་ལས། (པོད་དང་པོའི་ལྡེབ་ངོས༦༤༤ བཀའ་བཞི་པ་རིན་ཆེན་དཔལ་གྱིས་ལྡན་སྒ་སྟོད་དུ་ཟུར་དགོན་བཏབ། རི་གླིང་གཉིས་སུ་ཡོད་པ་ལ་དགེ་འདུན་བཞི་བརྒྱ་ཙམ་འདུས། བརྒྱད་ཅུ་རྩ་གཉིས་པ་ཤིང་ཕོ་ཁྱིའི་ལོར་སྐུ་གཤེགས)བཀའ་བཞི་རིན་ཆེན་དཔལ་དེ་ཉིད་ ༡༣༡༢ལོར་སྐུར་འཁྲུངས་ཤིང་ཤེས་བྱ་མཐའ་དག་ཚེགས་མེད་དུ་མཁྱེན་རྩལ་རྒྱས་པས་རྒྱལ་བ་ཀརྨ་པ་ལྔ་བ་དེ་བཞིན་གཤེགས་པ་དང་མཁན་ཆེན་ཤཱཀྱ་གྲགས་པ་སོགས་ཀྱིས་བཀའ་བཞི་རིན་ཆེན་དཔལ་གྱི་དྲུང་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན་པ་དུང་དཀར་ཚིག་མཛོད་ལྡེབ་གྲངས༣༤སོགས་ལས་གསལ་ཞིང་༡༣༩༤ལོར་སྐུ་གཤེགས་ཞེས་ཚད་ལྡན་གྱི་ལོ་རྒྱུས་དག་ལས་གསལ་བ་ལྟར་རོ།།
ཟུར་དགོན་གཙུག་ལག་ཁང་དུ་ཐོས་བསམ་སྒོམ་གསུམ་གྱི་མཛད་པ་རླབས་ཆེན་སྐྱོང་བས་གདན་ས་ཆེན་པོ་འདིར་རབ་བྱུང་ངུར་སྨྲིག་ཅན་གྱི་སྡེ་དང་། གོས་དཀར་ལྕང་ལོ་ཅན་གྱི་སྡེ་བཙུགས། རྒྱལ་བ་ཀརྨ་པ་རོལ་པའི་རྡོ་རྗེ་གདན་དྲངས་ཏེ་དགོན་པའི་གཡོན་ངོས་སུ་ཆོས་ཁྲི་མཐོན་པོར་བཞུགས་སུ་གསོལ། ཆོས་ཁྲི་འདི་ནས་རྗེ་བདུན་པ་རྒྱལ་བ་ཀརྨ་པ་ཆོས་གྲགས་རྒྱ་མཚོས་ཀྱང་བཀའ་ཆོས་མཛད་པའོ། (བཀའ་བརྒྱུད་གསེར་ཕྲེང་ཞྭ་དམར་ཆོས་གྲུབ་རྒྱ་མཚོའི་མཛད་བརྗོད་ལྡེབ་ངོས༦༤༦ལས། ཟུར་དགོན་དང་ཐང་དཀར་ལྷ་ཁང་དུ་ཕེབས། རྗེ་བདུན་པ་དང་དྭགས་པོའི་སྐུ་མཇལ། རྗེ་བདུན་པའི་ཆོས་ཁྲི་སྟེང་ནས་དབུ་ཞྭ་བསྒྲོན)ཞེས་ལོ་རྒྱུས་ཁུངས་ལྡན་དག་ལས་མདོ་ཙམ་ཞིག་བྲིས་པའོ།།