གོ་ཆེ་དགོན།

ཁམས་ཀྱི་ཆོས་སྡེ་ཆེན་མོ་གོ་ཆེ་དགེ་འཕེལ་གླིང་།

ཁམས་ཀྱི་ཆོས་སྡེ་ཆེན་མོ་གོ་ཆེ་དགེ་འཕེལ་གླིང་གི་བྱུང་བ་ཉུང་ངུ་། གོ་ཆེ་དགེ་འཕེལ་ཆོས་གླིང་ནི་ཡུལ་གྱི་མིང་དགོན་པར་བཏགས་པ་ཞིག་ཡིན་ཞིང་། ནང་ཆེན་རྫོང་གི་བྱང་ཕྱོགས་སྤྱི་ལེ༣༧གྱི་མཚམས་སུ་ཡོད། དེ་ཡང་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་སློབ་མའིི་གཙོ་བོ་གནས་མདོ་ཨོ་རྒྱན་མཐར་ཕྱིན་གྱིས་སྤྱི་ལོ་༡༦༥༧ལོར་ཕྱག་བཏབ། ཁོང་གི་སློབ་མའི་ཐུ་བོ་བླ་མ་སྐྱབས་སམ་ཧོར་སྤྲུལ་སྐུ་ཕྲེང་དང་པོས་གཙུག་ལག་ཁང་རྟེན་དང་བཅས་པ་ལེགས་གྲུབ་མཛད། གདན་ས་འདིར་ཀུན་མཁྱེན་ཆོས་ཀྱི་ཆོས་ཀྱི་འབྱུང་གནས་ཕེབས་ཏེ་འདུས་པ་བརྒྱ་ཕྲག་ལྷག་ཙམ་རབ་ཏུ་བྱུང་ཞིང་བསྙེན་རྫོགས་པར་མཛད། ཕྱིས་སུ་པདྨ་ཉིན་བྱེད་དབང་པོས་འབྲོག་རས་ཆམ་དགོན་དང་། དགོན་འོག་དགོན་གཉིས་ཀྱང་གདན་ས་འདིར་བསྡོམས་ཏེ་དར་རྒྱས་ཆེན་པོར་གྱུར།
ང་བརྒྱད་ལོའི་གོད་ཆག་མ་བྱུང་གི་བར་དུ་དར་རྒུད་ཅི་རིགས་བྱུང་ཡང་ཉམས་ཆགས་ཆེར་མ་བྱུང་། དེ་ནས་ལོ་བཅུའི་གོད་ཆག་ཆེན་མོས་ཆོས་སྡེ་འདི་ཡང་མིང་གི་ལྷག་མ་ཙམ་དུ་གྱུར།
1982 ལོར་སྔར་ལུས་སྒར་ཆེན་སྐུ་ཕྲེང་དྲུག་པའི་ཐུགས་བཞེད་ལྟར་གྲྭ་རྒན་རྣམས་དང་ཡུལ་མི་ལྷག་བསམ་ཅན་རྣམས་ཀྱིས་བསྐྱར་བཞེངས་ཀྱི་དབུ་བཙུགས་ཏེ་ལྷ་ཁང་དང་གྲྭ་ཤག་སོགས་བཞེངས་པ་དང་གྲྭ་པ་བསྡུ་བ། སྒྲུབ་སྡེ་གོང་མ་བསྐྱར་འཛུགས་འོག་མ་གསར་བཞེངས་བཅས་ལེགས་པར་གྲུབ།
1996ལོར་མཁན་རིན་པོ་ཆེ་ཀརྨ་བསྟན་པ་རབ་རྒྱས་ཀྱིས་ཡུལ་ལ་དགེ་སྡིག་བླངས་དོར་གྱི་བསླབ་བྱ་གནང་ནས་ལམ་ལ་བཀོད་ཅིང་། རང་ལུགས་ཀྱི་གཞུང་སུམ་རྟགས་དག་གསུམ་ནས་ནང་བརྟགས་རྒྱུད་གསུམ་བར་གྱི་གཞུང་ལུགས་སྐོར་འཆད་ཁྲིད་གནང་ནས་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་སློབ་གཉེར་བ་མི་ཉུང་བ་ཞིག་གི་གྲྭ་སར་གྱུར་ཡོད་པ་དང་། གདན་ས་འདིའི་དགེ་འདུན་པའི་ཀུན་སྤྱོད་དང་འདུལ་བའི་ཕྱག་བཞེས་ཀྱི་སྐོར་ལ་གངས་ལྗོངས་བཀའ་བརྒྱུད་བགྲོ་གླེང་ཚོགས་པས་ཀྱང་གཟེངས་བསྟོད་དང་ལེགས་སྐྱེས་གང་མང་གནང་མྱོང་། དེ་ནས་གཟུང་ད་བར་ཆོས་སྡེ་འདི་ནས་མཁན་པོ་དང་སྐྱོར་དཔོན་སོགས་མཁས་པ་མང་པོ་བྱུང་། དགོན་པ་གཞན་ལ་མཁན་པོ་མངགས་པ་སོགས་རྒྱལ་བསྟན་ལ་རི་མོར་བགྱི་བཞིན་པ་དང་། སྒྲུབ་སྡེ་གོང་འོག་རྣམས་སུ་དུས་ལྟར་སྒྲུབ་བླ་བར་མ་ཆད་དུ་བཞུགས་ཏེ་རྒྱུད་སྡེ་རྒྱ་མཚོའི་ཉིང་ཁུ་ལ་འབད་པ་ཆེན་པོས་གཞོལ་བ་དང་། ད་ལྟ་ཆོས་གྲྭ་འདིར་བཞུགས་བཞིན་པའི་གྲྭ་པ་སུམ་བརྒྱ་ལྔ་བཅུ་ལྷག་ཙམ་དང་། སྤྱི་སྒེར་གྱི་གྲྭ་ཤག310 ཙམ་སྟེ། ཕྱི་ཡི་ཁོར་ཡུག་དང་ནང་གི་འདུས་པ་རྒྱ་མཚོའི་བསྟན་པ་རྒྱས་བཞིན་པ་ནི་གཤམ་གྱི་པར་རིས་ལས་གསལ།

གོ་ཆེ་དྷརྨ་ཀ་རའི་དཔེ་ཚོགས་རྩོམ་སྒྲིག་ཁང་གིས།

ཉེ་ཆར་གྱི་ཁམས་ཀྱི་ཆོས་སྡེ་ཆེན་མོ་གོ་ཆེ་དགེ་འཕེལ་གླིང་གི་བཀོད་པ།