དགེ་རྒྱལ་རྗེ་དྲུང་དགོན།

དགེ་རྒྱལ་རྗེ་དྲུང་དགོན་དཔལ་མདོ་སྔགས་དར་རྒྱས་ཆོས་འཁོར་གླིང་ནི།
ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་བྱ་ཕུག་ཐང་གི་མངའ་ཁོངས་སུ་ཡོད་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་དགོན་པ་ཞིག་ཡིན། དེ་ཡང་དགོན་ས་གསར་རྙིང་གཉིས་ལས་
༼ཐོག་མར་རྒྱལ་དབང་ ༧ ཀརྨ་པ་བདུད་འདུལ་རྡོ་རྗེ་དང་ཀུན་མཁྱེན་སི་ཏུ་པཎ་ཆེན་ཡབ་སྲས་ཀྱི་དངོས་སློབ་དགེ་རྒྱལ་རྗེ་དྲུང་ཀརྨ་ཤེས་རབ་གྲགས་པས་ཡུལ་ཉལ་ཕྱོགས་སུ་ཕྱག་བཏབ། རྗེ་དྲུང་སྐུ་ཕྲེང་དང་པོ་ཀརྨ་ཤེེས་རབ་གྲགས་པས་འོག་མིན་མཚུར་ཕུ་གདན་ས་ནས་ཐོག་མར་ཀུན་མཁྱེན་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་ཞལ་མཇལ་སྐབས་མི་ཕྱེད་པའི་དད་པ་འཁྲུངས། མཚུར་ཕུའི་ལྷ་ཆེན་འཛམ་གླིང་རྒྱན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པས་མཚོན་སྐུ་ཚེ་ཧྲིལ་པོར་ཡུན་རིང་དུ་བླ་མར་བསྟེན། སི་ཏུ་པཎ་ཆེན་རང་རྣམ་མཇུག་ཏུ་ཞབས་པད་ཡུན་དུ་གནས་པའི་སློབ་ཆེན་ཡིན་ཚུལ་དང་། དགེ་རྒྱས་རྗེ་དྲུང་སོགས་དེ་རྣམས་ལ་སྟོན་མོ་བྱས། རྗེ་དྲུང་ལ་དབུ་ཞྭ་མཆོད་ཆས་སོགས་བླ་ཆས་ཕུལ་ཅེས་སོགས་འཁོད་ཡོད། ༽
དེ་རྗེས་༧ བྱམས་མགོན་རྡོ་རྗེ་འཆང་སི་ཏུ་པདྨ་ཉིན་བྱེད་དབང་པོའི་བཀའ་ལྟར་ ༧ རྗེ་དྲུང་མཆོག་སྤྲུལ་སྐུ་ཕྲེང་གཉིས་པ་ཀརྨ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཕྱི་ལོ་ ༼༡༨༢༦༽ ལོར་མདོ་ཁམས་དགེ་རྒྱལ་གྱི་སའི་ཆར་བྱ་ཁྱུང་རྟ་ར་ཁུག་ཞེས་པའི་གནས་དེར་ཕྱག་བཏབ་ནས་བླ་རབས་རིམ་བྱོན་གྱིས་གདན་ས་བསྐྱངས། དུས་ཀྱི་འཕོ་འགྱུར་སྐབས་མིང་གི་ལྷག་མར་གྱུར། སླར་༼༡༩༨༠༽ ལོར་རྗེ་དྲུང་སྐུ་ཕྲེང་ལྔ་པ་ཀརྨ་མི་འགྱུར་བཤད་སྒྲུབ་ཆོས་ཀྱི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་མཆོག་གིས་དགོན་ས་རྙིང་པར་དགོན་པ་བསྐྱར་བཞེངས་མཛད་ནས་ཡང་དར་བསྟན་པའི་མེ་རོ་གསོས། ༼༢༠༠༦༽ ལོར་དུས་ཀྱི་འགྲོས་ལྟར་དགོན་ས་རྙིང་པ་ཡོད་པའི་ལུང་པ་དེའི་མདའ་དགེ་བཅུ་བསོད་ནམས་ཀྱི་དཔལ་ཡོངས་སུ་རྫོགས་པའི་གནས་མཆོག་དམ་པ་བསྐལ་བཟང་སུམ་མདོ་རུ་དགོན་ས་གསར་པ་གནས་སྤོ་བྱས་ནས་གཙུག་ལག་ཁང་དང་། བླ་བྲང་། སྒྲུབ་ཁང་། སློབ་གྲྭ། མགོན་ཁང་སོགས་ཕྱི་ནང་གི་རྟེན་དང་བརྟེན་པར་བཅས་པ་ལེགས་པར་བཞེངས་ནས་འཁོར་ལོ་གསུམ་ལ་བརྩོན་བཞིན་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རིང་ལུགས་འཛིན་པའི་དགོན་སྡེ་ཞིག་གོ །