རྒྱང་གྲགས་དགོན།

རྒྱང་གྲགས་དགོན་པ་ནི། མངའ་རིས་སྤུ་རང་རྫོང་། བར་ག་ཤང་། གནས་ཆེན་གངས་ཏི་སེའི་མདུན་ཞོལ། དར་ལུང་དུ་ཕྱི་ལོ་༡༢༡༧ ལོར་རྡོ་རྗེ་འཛིན་པ་གྷུ་ཡ་སྒང་པའམ། མཚན་དངོས་ཆོས་རྗེ་ཕུན་ཚོགས་རྒྱ་མཚོས་རྒྱལ་བ་འབྲི་གུང་པ་ཆེན་པའི་ལུང་བསྟན་པ་ལྟར་ཕྱག་བཏབ། རྡོ་རྗེ་འཛིན་པ་ཆེན་པོ་འདི་དང་། གུ་གེ་ཆོས་རྒྱལ་ཁྲི་བཀྲ་ཤིས་སྡེ་བཙན།  མང་ཡུལ་རྒྱལ་པོ་སོགས་མཆོད་ཡོན་དང་འབྲེལ་ཞིང་མངའ་རིས་བསྐོར་གསུམ་དུ་འཕྲིན་ལས་ཤིན་ཏུ་རྒྱས། རི་པ་རྣམས་ཀྱང་བླ་མའི་བཀའ་དྭང་དུ་ལེན་ཞིང་འཇིག་རྟེན་བློས་བཏང་འབའ་ཞིག་ལ་བརྟེན་ནས། སྒྲུབ་ཚུགས་བཟུང་ནས་ཉམས་རྟོགས་ཀྱི་ཡོན་ཏན་བརྙེས་པ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པའི་སྙིང་པོ་དོན་བརྒྱུད་ཀྱི་བསྟན་པ་ཤིན་ཏུ་དར།

དེ་རྗེས་རྒྱལ་བ་གཉིས་པ་ལྷ་ནང་པ་དང་། འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་སམ་འབྲི་གུངགླིང་པ་དེ་ཉིད་འཁོར་རབ་བྱུང་ལྔ་བརྒྱ་དང་བཅས་བྱོན་ནས་བྱ་སྐྱིབས་དང། དར་ལུང་གི་ཕུའི་སྒྲུབ་ཕུག་སོགས་སུ་བཞུགས་པས་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་བརྙེས།

གཞན་ཡང་གྲུབ་ཆེན་སེངྒེ་ཡེ་ཤེས་དང་། རྡོར་འཛིན་ཉི་མ་གུང་པ་སོགས་རྡོ་རྗེ་འཛིན་པ་དང་རི་པ་ཟམ་མ་ཆད་པར་བྱོན་ནས་འགྲོ་མགོན་བཀའ་བརྒྱུད་པའི་སྒྲུབ་པའི་རྒྱལ་མཚན་བཙུགས། 

ཕྱི་ལོ་༡༩༦༧ལོ་རིག་་གནས་གསར་བརྗེའི་སྐབས་སྤྱི་ཡོངས་ལྟར་དགོན་པ་འདི་ཡང་གཏོར་བརླག་ཚད་མེད་བཏང་བ་ཡིན་ཡང་།  ཕྱི་ལོ་༡༩༨༨ ལོར་བླ་མ་དབང་ཐང་རྡོ་རྗེས་འགན་བཞེས་སྟེ་དགོན་པ་བཞེངས་།  སླར་ཡང་ཕྱི་ལོ་༢༠༠༢ ལོར་དགོན་པའི་ཕྱི་ནང་རྟེན་དང་བརྟེན་པ་སྤུས་ལེགས་བཞེངས་ནས་སྔར་རྒྱུན་ལྟར་སྒྲུབ་བརྒྱུད་གོང་མའི་ཕྱག་རྒྱུན་མི་ཉམས་རྒྱུན་འཛིན་གནས་བཞིན་པ་བཅས་ལོ་རྒྱུས་མདོར་བསྡུས་སུ།