བདེ་སྟེང་དགོན།

དེ་ཡང་རྒྱ་སྟོན་བདེ་ཆེན་ལྷུན་གྲུབ་སྟེང་ངམ་བདེ་སྟེང་དགོན་པ་གང་དུ་ཆགས་པའི་ས་གནས་ནི་བོད་ལྗོངས་ཆབ་མདོ་དཔལ་འབར་རྫོང་མར་ཤོག་ཤང་གི་མངའ་ཁོངས་སུ་གནས་ཡོད་ཅིང་དཔལ་འབར་རྫོང་དང་དགོན་པའི་བར་ཐག་སྤྱི་ལེ་༼༣༠༽དང་ཡུལ་ཤོག་བར་སྤྱི་ལེ༼༡༠༽ཡོད། དགོན་འདི་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་རྒྱུད་འཛིན་པ་ཡིན་ལ་ཐོག་མར་དུས་རབས་བཅུ་བཞི་པ་རབ་བྱུང་དྲུག་པ་ཡས་མས་སུ་མདོ་ཁམས་རྒྱ་སྟོན་ཤོག་དྲུག་ལྡིང་ཡུལ་དུ་བླ་མ་རྒྱ་སྟོན་ཆོས་རྗེ་བཟང་པོས་ཕྱག་བཏབས། རྒྱ་སྟོན་ཡུལ་ལ་ཆགས་སྔ་ཤོས་དང་རྒྱ་ཆེ་ཤོས་ཡིན་འདུག རྒྱ་སྟོན་དྲི་མེད་བཤེས་གཉེན་ནམ་རྒྱ་སྟོན་ཆོས་རྗེ་བཟང་པོ་ཞེས་པ་ཁོང་སྤྱི་ལོ་༼༡༣༤༨༽ རབ་བྱུང་དྲུག་པ་ས་ཕོ་བྱི་བ་ལ་སྐུ་འཁྲུངས། ཆོས་རྗེ་འཁྲུངས་ནས་རབ་བྱུང་བཅུ་བདུན་པ་ལྕགས་བྱི་ལོའི་བར་བགྲང་བྱ་ ༼༦༧༢༽སོང་ཡོད། རྗེས་སུ་རིག་གནས་གསར་བརྗེའི་སྐབས་སུ་ཉམས་རྒུད་དང་འཕོ་འགྱུར་ཆེན་པོ་བྱུང་ཡོད། འོན་ཏེ་སྤྱི་ལོ༼༡༩༨༦༽ ལོར་མཚམས་པ་འཇམ་དབྱངས་གཙོས་པའི་དགེ་འདུན་སྐུ་རྒན་པ་རྣམས་ཀྱིས་རི་བོང་ལྷ་ཁང་སླར་ཡང་ཉམས་གསོ་མཛད། སྤྱི་ལོ༼༡༩༩༠༽ལོར་བླ་མ་ཕུར་ཚེ་ཡབ་སྲས་རྣམ་གཉིས་ཀྱིས་ལྷ་ཁང་གྱང་དམར་མ་སླར་རྨང་བཏིང་ནས་ཉམས་གསོ་ལེགས་པར་མཛད་དེ་ད་ལྟའི་བར་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་མི་ཉམས་འཛིན་སྐྱོང་སྤེལ་གསུམ་གནས་བཞིན་མཆིས་སོ།།