དཔལ་ལྡན་ལྗོངས་གནས་དགོན།

༄། །དཔལ་ལྡན་ལྗོངས་གནས་དགོན་པ་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོའི་དུས་སུ་ཕྱག་བཏབ་མཛད་ཞིང་བྱམས་མགོན་སྐུ་འཕྲེང་ཐམས་ཅད་ཀྱི་སྐྱོངས་བའི་དགོན་པ་ཡིན། ས་གནས་བོད་ལྗོངས་འཇོ་མདའ་རྫོང་ཐོག་ནས་ལེ་དབར་༨༠ཕྱོགས་སུ་ཆགས་ཞིང་བྱ་བཏང་ཐར་པ་རྒྱལ་མཚན་དང་འཇང་གྲྭ་སངས་རྒྱས་དཔལ་བཟང་ཟུང་གིས་རབ་ལོ་བརྒྱད་པ་༡༤༩༠ཡས་མན་སུ་བཏབ་པའི་དགོན་པ་གྲགས་ཞིང་གྲུབ་ཆེན་ཀརྨ་ནོར་བུ་སྤྲུལ་སྐུ་འགུ་ལྷ་སོགས་སྐྱེས་ཆེན་མང་པོའི་གདན་ས་ཀརྨ་ཀཾ་ཚང་གི་དགོན་པའོ།།

རི་པ་སྟོད་མ་དགོན།

རི་པ་སྟོད་མ་དགོན

རི་སྟོད་སྒྲུབ་བརྒྱུད་དར་རྒྱས་གླིང་ནི། སྔོན་འབའ་རོམ་བཀའ་བརྒྱུད་ལ་ཕྱིས་ཀཾ་ཚང་ཆོས་བརྒྱུད་འཛིན་པར་གྱུར་པ་ཞིག་སྟེ། དེའང་མཉམ་མེད་དྭགས་པོའི་ཐུགས་སྲས་འབའ་རོམ་དར་མ་དབང་ཕྱུག་གི་སློབ་མའི་ཐུ་བོ་འགྲོ་མགོན་ཏི་ཤྲི་རས་པ་དང་། དེའི་ཐུགས་སྲས་སྤྱན་སྔ་རས་པ་དཀར་པོ། དེས་བསྟན་པ་ཡོངས་སུ་གཏད་དེ་ཞལ་ཚབ་ཏུ་དབང་བསྐུར་བ་སྤྱན་སྔ་ལུས་མེད་རྡོ་རྗེ་སྟེ། དེ་ལ་བཀའ་བབས་ཀྱི་བུ་ཆེན་བཞིར་གྲགས་པའི་ཡ་གྱལ་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་བཀའ་བབ་རྫ་དངུལ་རྫོང་ཤཱཀྱ་རྡོ་རྗེ་དང་དེའི་སློབ་མའི་ཚོགས་ལས་ཟླ་རོང་འབྲི་བྱེད་སོགས་སུ་རྫ་རི་པའི་ཆོས་བརྒྱུད་བྱུང་ཞིང་བསྟན་པ་དར་རྒྱས་ཧ་ཅང་ཆེ་བར་བྱུང་། ཤཱཀྱ་རྡོ་རྗེའི་རིགས་དབོན་ཚུལ་ཁྲིམས་རྒྱལ་མཚན་གྱིས། རྩི་རྒྱུད་རྒོད་ཚང་ཁའི་རི་དགོན་བཏབ་པའི་བརྒྱུད་པ་ལ་རྒོད་ཚང་རི་པར་གྲགས། དེའི་སློབ་མ་རྒྱལ་སྲས་ཀུན་དགའ་བློ་གྲོས་ཀྱིས་དབྱི་མདར་གདན་ས་མཛད་པ་དང་། དེ་ལ་སློབ་མ་རྒྱལ་མཚན་བློ་གྲོས་དང་རིན་ཆེན་དཔལ་སོགས་སློབ་མ་དུ་མ་བྱོན་པར་གྲགས། རི་པ་སྟོད་མའི་གདན་ས་དང་པོ་ནི་ནང་ཆེན་སྐྱོ་བྲག་ཕྱོགས་ཀྱི་རྫ་རྒྱལ་དང་འབྲི་བྱེད་བར་གྱི་ཕོ་བྲང་དམར་པོའི་ཁར་ད་ལྟ་ཡང་དགོན་ཤུལ་རྒྱ་ཆེར་བཞུགས་པ་དེའོ། །དེ་ལས་སོག་པོས་གཏོར་ནས་གཉིས་སུ་གྱེས་པས་གཅིག་ནི་རི་པ་བར་སྨད་དང་གཅིག་ནི་རི་པ་སྟོད་མའོ། །གསེར་འབུམ་དང་དབུ་སྦྲ་སོགས་བསྣམས་ནས་ཨག་གི་ཁུར་ཁོང་སྨན་ཆུ་ཕུག་པར་རི་པའི་བརྩོན་འགྲུས་དང་སྒོམ་ཆེན་ཆོས་རྗེ་ཟུང་དང་གྲྭ་འཁོར་ཡོན་མཆོད་བཅས་དེར་བཞུགས་ནས་བསྟན་པ་བསྐྱངས། སོག་དམག་གི་གནོད་པ་གཉིས་པའི་སྐབས་གཏོར་བས་ལྷག་ལུས་རྣམས་བྱོལ་བས་ཡུག་གི་སྩང་ང་ཁར་སྦྲ་དགོན་མཛད། དེ་ནས་ལུང་བསྟན་ལ་གཟིགས་ནས་ལྕི་ཡི་རྟ་ངུ་གཞུང་གི་གནས་མཆོག་དར་འཛིན་རི་བོའི་མདུན་དགོན་ལུང་ནང་དུ་ལོ་འགར་བཞུགས། དེ་ནས་རི་པའི་བརྩོན་འགྲུས་སྤྲུལ་བརྒྱུད་ཆོས་འཛིན་དབང་པོ་དང་སྒོམ་ཆེན་ཆོས་རྗེའི་སྤྲུལ་སྐུ་རི་པའི་ཡང་དག་གཉིས་ཀྱི་སྐབས་ནས་ཉིན་ལུང་བཀྲ་ཤིས་དར་ཐང་དུ་སྤོས་ནས་གདན་ས་དར་རྒྱས་གནང་ཞིང་རིམ་གྱིས་ཀརྨ་ཀཾ་ཚང་གི་ཆོས་བརྒྱུད་འཛིན་པར་གྱུར་ནས་ད་ལྟའི་བར་སྤྲུལ་སྐུ་ཟུང་གིས་བསྟན་པ་འཛིན་སྐྱོངས་སྤེལ་གསུམ་གནང་བཞིན་པ་དང་། ལྷག་པར་རི་པའི་ཆོས་འཛིན་དབང་པོའི་སྐུ་རབས་བཅུ་བཞི་པ་ཀརྨ་ལུང་རིགས་སྨྲ་བའི་ཉི་མ་དང་། རི་པའི་སྒོམ་ཆེན་ཆོས་རྗེའི་སྐུ་རབས་དགུ་པ་ཀརྨ་དཔལ་ལྡན་ཕུན་ཚོགས་བསྟན་འཛིན་རབ་རྒྱས་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་འམ་མཆོག་སྤྲུལ་བདུད་འདུལ་དབང་དྲག་གཉིས་ཀྱིས་རྒྱལ་བསྟན་གྱི་བསྟན་པ་རིན་པོ་ཆེ་འདིར་བཤད་སྒྲུབ་ལས་གསུམ་གྱིས་འཛིན་སྐྱོང་གནང་བཞིན་པ་དང་དགེ་འདུན་པའི་སྡེ་རྣམས་སྤོང་ཀློག་གིས་བྱ་བར་བརྩོན་བཞིན་དུས་མདའ་བར་མཛད་པའོ། དགོན་དེར་༧རྒྱལ་དབང་ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་ཆོས་ཁྲི་དང་ཞབས་རྗེས། ཀླུ་དུང་སྐྱོང་གིས་ཕུལ་བའི་གཏེར་ཆུ་དང་། སྟོད་མའི་མཎ་ཕུང་རིང་མོ། ཤེལ་མཁར་གནས་རིའི་རྟེན་བརྟན་པ། དབང་སྡུད་ཟླ་གམ་སྒྲུབ་ཕུག སྔོན་གྱི་སྒྲུབ་སྡེ་རྙིང་པ་བསམ་གཏན་དགའ་ཚལ་གླིིང་། སྒྲུབ་སྡེ་གཉིས་པ་རི་སྟོད་སྒྲུབ་ཁང་བསམ་གཏན་འགྱུར་མེད་ཆོས་དབྱིངས་དགའ་ཚལ་གླིང་། མཚམས་ཁང་བར་མ་ཡང་དབེན་བདེ་ཆེན་མི་འགྱུར་སྒྲུབ་ཁང་། བཤད་གྲྭ་དྭགས་བསྟན་དགེ་འཕེལ་གླིང་། ཡིག་གྲྭ་གཞོན་ནུ་བློ་གསལ་གླིང་། རི་སྟོད་ཆོས་ཚོགས་སྨིན་གྲོལ་དགའ་སྟོན་གླིང་། དགེ་བསྙེན་ཆོས་སྡེ་འཕྲིན་ལས་ཀུན་ཁྱབ་གླིང་བཅས་གསར་བཞེངས་གནང་བའོ།།