འབྲི་གུང་ཐེལ་དགོན།

འབྲི་གུང་གདན་ས་མཐིལ་ནི་ཐོག་མར་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོས་ཕྱི་ལོ་༡༡༧༩ ལོར། ད་ལྟའི་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་། རྨམ་པ་ཤང་། འབྲི་གུང་དུ་ཕྱག་བཏབ་མཛད། དེའི་ཆོས་བརྒྱུད་དར་སྤེལ་བྱུང་བ་ལ་འབྲི་གུང་བཀའ་བརྒྱུད་ཅེས་ཞུ་ཞིང་འགྲོ་མགོན་ཕག་མོ་གྲུ་པའི་བཀའ་ལྟར་གངས་ཏི་སེ་དང་། རྩ་རི། ལ་ཕྱི་སོགས་བཀའ་བརྒྱུད་གོང་མའི་སྒྲུབ་་གནས་རྣམས་སུ་ཚེ་དང་སྒྲུབ་པ་མཉམ་པའི་རི་པ་བཏང་བའི་སྲོལ་བཟང་སྤེལ། འབྲི་གུང་གདན་རབས་བཅུ་པ་ཆོས་ཀྱི་རྒྱལ་པོའི་དུས། རྗེ་ཙོང་ཁ་པ་ཡང་གནས་དེར་བཞུགས་སྟེ། ནཱ་རོ་ཆོས་དྲུག་དང་། བྱང་སེམས་སྡོམ་པ། ཕྱག་ཆེན་ལྔ་ལྡན་སོགས་ཁྲིད་ཞུས་གནང་མཛད། འབྲི་གུང་བཀའ་བརྒྱུད་དེ་ལྟར་འཕེལ་རྒྱས་བྱུང་ནས་དབྱར་གནས་སྐབས། དགེ་སློང་འབུམ་ཕྲག་གི་ཚུལ་ཤིང་བླངས་པ་སོགས་འདུ་གྲངས་རྒྱས་པས། ཚོགས་ཆོས་ཀྱི་སྐབས་སུ་མདུན་རིའི་རྩེར་མཁར་རྔ་ཉི་མ་འབྲུག་གྲགས་ཞེས་བརྡུང་པས་ཕྱོགས་མཚམས་ཀུན་ནས་དགེ་འདུན་འདུས་པར་གྲགས། རིམ་བཞིན་ཆོས་བརྒྱུད་དེ་ཉིད་བོད་མདོ་དབུས་ཁམས་གསུམ་ཡོངས་ལ་ཁྱབ་ནས། ས་ཐམས་ཅད་འབྲི་གུང་། ཐང་ཐམས་ཅད་འབྲི་གུང་ཞེས་སྙན་གྲགས་ཆེས་ཆེར་འཕེལ། རིག་གནས་གསར་བརྗེའི་སྐབས་གདན་ས་རྨང་ནས་བཤིག་ནའང་། རྒྱལ་བ་འབྲི་གུང་༧ སྐྱབས་མགོན་རྣམ་གཉིས་དང་གྲུབ་དབང་དཔའ་ཆུང་རྡོ་རྗེ་འཆང་སོགས་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་སླར་ཡང་གདན་ས་འདི་ཉིད་གསར་བཞེངས་དང་འབྲི་གུང་འཕོ་བ་ཆེན་མོ་དང་། དེ་བཞིན་སྤྲེལ་ལོའི་བཀའ་ཆོས་ཆེན་མོ་སོགས་སླར་གསོ་མདོར་ན་བཤད་སྒྲུབ་ཀྱི་ཉམས་ལེན་ལ་སྔར་ལྟར་རྒྱས་བཞིན་ཡོད།