རྒེའུ་རྣ་དགོན།

རྒེའུ་རྣ་དགོན་ཐུབ་བསྟན་དར་རྒྱས་ཆོས་འཁོར་གླིང་གི་ལོ་རྒྱུས་བྱུང་བ།

རྒེའུ་རྣ་དགོན་ཐུབ་བསྟན་དར་རྒྱས་ཆོས་འཁོར་གླིང་ནི་འབའ་རོམ་པའི་ཆོས་རྒྱུད་འཛིན་པ་ཞིག་ཡིན་ལ། ཕྱིས་སུ་ཀརྨ་ཀང་ཚང་གི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཡིན།
ཀིལ་སྣའམ་རྒེའུ་རྣའི་བྲག་ནི་འབའ་རོམ་བླ་རྒྱུད་བླ་མ་རྒྱལ་སྲས་ལྷ་པ་དང་། སློབ་དཔོན་ཕུག་པ་རྣམས་གཉིས་རྒེའུ་རྣའི་རི་ཁྲོད་དུ་མཚམས་སྒྲུབ་གནང་ཡོད་པ་དང་ ། དེ་རྗེས་འབའ་རོམ་པའི་སློབ་རྒྱུད་སྤྱན་རས་གཟིགས་དངོས་རྟོགས་ལྡན་གཞོན་ནུ་འབྱུང་གནས་ཀྱིས་རབ་བྱུང་དྲུག་པའི་སྟོད་ནང་ཆེན་གྱི་རྫ་མེར་ཆེན་རྒེའུ་རྣའི་བྲག་ཏུ་དགོན་ས་བཏབ་ནས་གྲྭ་པ་མང་པོ་བསྡུས། སྔོན་གྱི་རྒེའུ་རྣའི་རི་ཁྲོད་དེ་ལ་དགོན་གནས་ཕྱག་འདེབས་པ་པོ་ཐོག་མ་ཡིན་ལ་ཀིལ་སྣའམ་རྒེའུ་རྣའི་གཞོན་ནུ་འབྱུང་གནས་ཞེས་མིང་དེ་ནས་ཐོག་པ་ཡིན། དེ་ནས་གཞོན་ནུ་འབྱུང་གནས་ཀྱི་སྤྲུལ་རྒྱུད་རྣམས་ཀྱིས་རིམ་པ་བཞིན་ཆུ་བཟང་གཞུང་དང་། བདུད་རྩི་ཆུ་མགོ་ལུང་རིང་མ། གྲགས་འབུལ་མ་བཅས་དགོན་ས་བཏབ།
བསྟན་དགོན་འདི་ཉིད་༡༩༥༨ ལོ་དུས་ཟིང་སྐབས་སུ་ཉམ་ཆགས་ལ་སོང་ནས་མེད་པར་གྱུར། ༡༩༨༠ ལོར་ཡུལ་དགོན་གཉིས་ཀྱིས་ཕོ་བྲང་སླར་གསོའི་མགོ་ཚུགས་པ་རེད། དེ་ནས་རིམ་པ་བཞིན་དགོན་བདག་སྤྲུལ་སྐུ་དང་གྲྭ་ཚང་རྣམས་ཀྱིས་འཛིན་སྐྱོང་དར་སྤེལ་བཏང་ནས་ཡར་རྒྱས་སུ་བཏང་།
དགོན་པའི་ཕྱི་ནང་གི་འཛུགས་བསྐྲུན་ལ་འོག་མིན་ཆོས་སྐུའི་ཕོ་བྲང་ཁང་། བཤད་གྲྭ་ཐོས་བསམ་དགའ་འཁྱིལ་གླིང་། མགོན་པོའི་མགོན་ཁང་། གྲོ་ལོད་མགོན་ཁང་། ཕུར་པའི་མགོན་ཁང་། སྒྲུབ་ཁང་བཅས་ཡོད། དགོན་པའི་དགེ་འདུན་རྣམས་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་ལས་ལ་བརྩོན་པ་སོགས་གང་ཐད་ནས་ཡར་རྒྱས་ཀྱི་ལམ་བུ་རུ་བསྐྱོད་བཞིན་པའི་ཆོས་སྡེ་ཞིག་ཡིན།

༢༠༢༠་༧་༢༡
ཨ་ཧོ་ཚེ་རིང་ནས།