འདམ་དཀར་བཀྲ་ཤིས་དགེ་དགོན།

༄༅། །བཀྲ་ཤིས་དགེ་དགོན་ནི་ཁམས་སྟོད་ཡུལ་ཤུལ་གྲོང་ཁྱེར་སྡེ་དགུ་སྡེ་བའི་ས་གནས་སུ་ཆགས་ཡོད་ཅིང་། ཀརྨ་བཀའ་བརྒྱུད་ཡིན།
དུལ་མོ་ཀརྨ་བཤད་སྒྲུབ་ཕྲིན་ལས་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཐུགས་བསྐྱེད་དུས་སུ་སྨིན་པའི་སྟོབས་ཀྱིས། རྒྱལ་བསྟན་ཡང་དར་བསྟན་པའི་དབུ་བརྙེས་པའི་དུས་ཚོད་བཟང་པོ་དང་སྒོ་བསྟུན་ནས་༧སྐྱབས་རྗེ་དུལ་མོ་ཆོས་རྗེ་རིན་པོ་མཆོག་ནས་སྐུ་ངལ་འཛེམ་མེད་ཀྱི་སྒོ་ནས་སྐུ་འཕྲེང་བརྒྱད་པ་བཀྲ་ཤིས་འོད་ཟེར་གྱིས་ཕྱག་བཏབ་པའི་བཀྲ་ཤིས་དགེ་དགོན་གྱི་ཕྱི་ཡི་གཙུག་ལག་ཁང་དང་ནང་གི་སྐུ་གསུང་ཐུགས་རྟེན་སོགས་ཚང་མ་སྤྱི་ལོ་༢༠༠༢་ལོར་ཉམས་གསོའི་དབུ་བཙུགས། ཕྱི་ལོ་ ༢༠༠༧ ལོ་དབུ་བཙུགས་ཏེ་རིན་པོ་ཆེ་མཆོག་ནས་ལོ་མང་རིང་འབད་བརྩོན་བླ་མེད་གནང་ནས་གཙུག་ལག་ཁང་ཆོས་མཛད་དགེ་འཕེལ་གླིང་རྟེན་དང་བརྟེན་པར་བཅས་ལེགས་གྲུབ་བྱུང་།
ད་དུང་སྒྲུབ་ཁང་ཁག་གཉིས་དང་། ཡིག་གྲྭ། མཆོད་མེ་ཁང་། སྨན་ཁང་། རིན་པོ་ཆེའི་བླ་བྲང་རྙིང་པ་གཅིག བཤད་གྲྭའི་གཙུག་ལག་ཁང་དང་སློབ་གཉེར་བའི་བཞུགས་གནས་བཅས་གསར་བཞེངས་ལེགས་པར་གྲུབ། དུས་ཚོད་ཀྱི་ཁོམ་སྐབས་དང་བསྟུན་ཏེ་ཐུན་མོང་གི་རིག་གནས་དང་ཐུན་མིན་གྱི་ཆོས་གཞུང་དག་ལ་སློ་གཉེར་གནང་བཞིན་ཡོད། ད་ཡོད་ཀྱི་བཙུན་མའི་གྲངས་སུམ་བརྒྱ་བདུན་བཅུ་ལྷག་ཡོད། པ་སངས་རིན་པོ་ཆེ་དང་། ༧སྐྱབས་རྗེ་དུལ་མོ་ཆོས་རྗེ་རིན་པོ་རྣམ་པ་གཉིས་སྐུ་འཚོ་ཞིང་བསྟན་འགྲོའི་དོན་ཆེན་བླ་མེད་དུ་སྐྱོང་བཞིན་པའོ། །