སྟོང་ནག་དགོན།

སྟོང་ནག་དགོན་ཆེན་ཐུབ་བསྟན་ནོར་བུའི་གླིང་ནི། སྟོང་ནག་རས་པ་བློ་གྲོས་རྡོ་རྗེ་ལས་བྱུང་བའི་སྒོམ་སྡེ་ཁག་དྲུག་གི་ཡ་གྱལ་ཞིག་སྟེ། དེང་སང་མཚོ་སྔོན་ཞིང་ཆེན་ནང་ཆེན་རྫོང་ལྕི་རྒྱུད་བསམ་ཉི་ཟླ་ཁར་མཚོ་ངོས་ལས་སྨི་༤༡༣༠ཙམ་འཕགས་པའི་སར་ཡོད། དེ་ཡང་བློ་གྲོས་རྡོ་རྗེ་ནི་སྤྱི་ལོ་༡༣༨༨ལོར་སྟོང་རོང་གི་མཆིག་ནག་ཅེས་པར་འཁྲུངས་པས་སྟོང་ནག་པར་གྲགས། དེའི་དབང་གིས་ཁོང་གི་ཆོས་བརྒྱུད་འཛིན་པ་རྣམས་ལ་སྟོང་ནག་བཀའ་བརྒྱུད་ཅེས་འབོད་པར་བྱུང་། ལོ་བདུན་རིང་བྱང་འབའ་རོམ་གྱི་རྒྱལ་ཚབ་ཏུ་བཞུགས། གདན་སའི་རྩ་བ་ཟླ་ཉིན་ལ་ཆིང་དུ་མཛད། སྤྱི་ལོ་༡༣༥༠ལོར་འདས། སློབ་མའི་གཙོ་བོ་སྐུ་ཡི་རིགས་དབོན་དབང་རྒྱལ་གྱིས་ལྕི་ཡི་ཆང་ཟོམ་ཐང་དུ་དགོན་པ་བཏབ་པ་ལ་སྟོང་ནག་ཡར་དགོན་དང་། ཀུ་སྐྱོའི་རི་ཁྲོད་ལ་སྟོང་ནག་མར་དགོན་དུ་གྲགས་པ་གཉིས་ཟུང་འབྲེལ་དུ་བསྐྱངས། ཡར་དགོན་དུས་རབས་བཅོ་བརྒྱད་པའི་ལོ་རབས་སུམ་ཅུའི་ཡར་མར་ཙམ་ནས་ད་ལྟའི་གནས་འདིར་སྤོས། སྐབས་འདིར་འབྲོང་སྤྲུལ་བསྟན་འཛིན་རབ་རྒྱས་བྱོན། འདི་ཙམ་ནས་ཆོས་རྒྱུད་ཀྱང་ཀརྨ་ཀཾ་ཚང་དུ་གྱུར། དགོན་འདི་རྩེའི་བཤད་གྲྭ། བར་གྱི་སྒྲུབ་སྡེ། འོག་ཏུ་ཚོགས་ཆེན་མཐིལ་ཏེ་ཚོགས་སྡེ་ཁག་གསུམ་དུ་གྲུབ། དགོན་སྡེ་སྔ་མ་ཕལ་མོ་ཆེ་དང་སྤྱི་མཚུངས་འདི་ཡང་སྔར་དབོན་རྒྱུད་དང་། ཕྱིས་སྤྲུལ་རྒྱུད་ཀྱིས་བསྐྱངས། སྐུ་ཕྲེང་གི་གྲངས་མ་ངེས་ཀྱང་དུས་ཟིང་སྔོན་བསྟན་འཛིན་རབ་རྒྱས་ཀྱི་སྤྲུལ་རྒྱུད་དང་ཚུལ་ཁྲིམས་སྙིང་པོའི་སྤྲུལ་རྒྱུད་གཉིས་དང་། ད་ལྟ་ནི་བླ་རྒན་ཚེ་རྒྱམ་གྱི་སྤྲུལ་རྒྱུད་བཅས་བླ་བྲང་ཁག་གསུམ་ཡོད། ཡང་དར་གྱི་སྐབས་འདིར་གྲྭ་ཚང་འདི་ལས་འཚར་ལོངས་བྱུང་བའི་མཁན་པོ་མི་ཉུང་བར་ཡོད་པ་རྣམས་ཀྱིས་གདན་ས་དཔལ་མཚུར་སོགས་སྤྱི་དང་བྱེ་བྲག་གི་བསྟན་པ་ལ་མཛད་རྗེས་ཀྱང་ཤིན་ཏུ་དཀར་བར་བྱུང་། འདི་ལས་གྱེས་པའི་དགོན་ལག་ཀྱང་སྟོང་ནག་ཆོས་བཟང་གིས་བཏབ་པའི་བླ་ཆུང་དགོན་དང་མཚན་མཆོག་གིས་བཏབ་པའི་སྡོམ་ཡུ་སྐལ་བཟང་དགོན་ཏེ་གཉིས་ཙམ་ཡོད།