དད་པ་དགོན།

༄༅། །གནས་མདོ་དད་པ་དགོན་པའི་ངོ་སྤྲོད་བསྡུས་པ།

དད་པ་དགོན་ནི་ཁམས་ཡུལ་ཤུལ་རག་སྨད་གྲོང་བརྡལ་སྡོམ་ཁ་སྡེ་བར་ཆགས་ཤིང་གནས་མདོ་བཀའ་བརྒྱུད་དུ་གཏོགས། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་སློབ་ཆེན་སྨོན་ལམ་རྒྱ་མཚོས་ཆགས་མེད་རིན་པོ་ཆེའི་ལུང་བསྟན་བཞིན་ཙ་རིའི་གནས་ལག་སྡོམ་ཆེན་གོ་བོ་རི་བཀྲའི་མདུན་གྱི་ཆོས་ཁྲི་ཁ་རུ་སྤྱི་ལོ་༡༦༦༤ལོར་དགོན་གནས་ཐོག་མར་བཏབ། དེ་ནས་བཟུང་དད་པའི་སྨོན་ལམ་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་བདུན་དང་། བླ་མ་བློ་རྡིལ་སྐུ་ཕྲེང་དང་པོ་དང་གཉིས་པ་རྣམས་ཀྱིས་གདན་ས་བསྐྱངས། དུས་ཟིང་ཉམས་ཆག་རྗེས་དད་སྤྲུལ་དྲུག་པའི་སྐུ་ཚ་ཚེ་དབང་རྡོ་རྗེ་གཙོས་པས་སྤྱི་ལོ་༡༩༨༣ལོར་རྟེན་དང་བརྟེན་པ་བཅས་པ་བསྐྱར་གསོ་མཛད།
སྤྱི་ལོ་༡༩༩༩ལོར་དད་པ་སྤྲུལ་སྐུ་བརྒྱད་པ་ཁྲིར་ཕེབས་ཤིང་དགོན་པའི་འགན་དབང་ཡོངས་རྫོགས་བཞེས། ༢༠༠༡ལོར་གྲྭ་དགོན་གཙོ་བོ་སྡོམ་ཆེན་མདའ་རུ་སྤོས། ༢༠༠༥ལོ་ཙམ་ལ་བཤད་གྲྭ་དང་དགེ་བསྙེན། སློབ་གྲྭ། སྒྲུབ་གྲྭ་སོགས་གསར་དུ་བཙུགས། ༢༠༡༡ལོར་དགོན་པའི་ཕྱི་ནང་གསང་གསུམ་ལེགས་པར་གྲུབ་པའི་མཛད་སྒོ་དེ་བཞིན་གངས་ལྗོངས་བཀའ་བརྒྱུད་བགྲོ་གླེང་ཆེན་མོ་ཐེངས་དྲུག་པ་དང་སྦྲགས་ནས་འཚོགས། དེ་རྗེས་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་མཁན་གསུམ་མང་པོ་ཆེད་ཞུས་ཀྱིས་སྐྱ་སེར་ཁྲི་སྟོང་མང་པོར་བཀའ་བསྟན་འགྱུར་གཙོས་རིས་མེད་བསྟན་པ་རྒྱ་མཚོའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བསྩལ་བའི་ལྟི་གནས་ཁྱད་པ་བར་གྱུར། ༢༠༡༩ལོའི་ཟླ་༩པར་ཆོས་ཁྲི་ཁའི་དགོན་གནས་རྙིང་པ་དེ་བཙུན་དགོན་དུ་དངོས་སུ་བསྒྱུར་ནས་ཕྱོགས་ཕེབས་ཀྱི་བཙུན་མ་རྣམས་ཀྱིས་འཆད་ཉན་སྒོམ་སྒྲུབ་ཀྱི་དབུ་བཟུང་། དགོན་པར་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་ཕྱག་བྲིས་པོད་གཅིག་གིས་མཚོན་སྐུ་གསུང་ཐུགས་ཀྱི་རྟེན་རྩ་ཆེན་མང་པོ་བཞུགས། བདེ་ཆེན་ཞིང་སྒྲུབ་ཆེན་མོ། ས་ཟླའི་དུས་མཆོད། རི་བསྟོད། དབྱར་གནས། བཀའ་བརྒྱུད་མགུར་མཚོ། ཀར་གླིང་ཞི་ཁྲོ། ཕག་བདེ་རྒྱལ་གསུམ། དགུ་ཆེ་ཆུང་སོགས་འཚོགས་སྲོལ་ཡོད་པ་བཅས་སོ། །