རྫ་ལུང་དགེ་དགོན།

 རྫ་ལུང་དགེ་དགོན་བསམ་གཏན་དར་རྒྱས་གླིང་ནི།
ལྕི་རྒྱལ་ལྷ་ཁང་སྨུག་མོའི་གནས་མགུལ་དུ་ཆགས་པའི་བཙུན་མའི་དགོན་སྡེ་ཞིག་སྟེ། འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་སྡེ་ལྷོ་ལུང་དཀར་དགོན་གྱི་ཟུར་སྐྱོང་དགོན་ལག་ཏུ་གཏོགས། རྫ་སྟོད་རྫོང་གི་ལྷོ་ཕྱོགས་ལྕི་སྟོད་ཡུལ་ཚོའི་ཁོངས་གཏོགས་ཡིན། དེའང་ལྷོ་འབྲོང་སྤྲུལ་ཨོ་རྒྱན་ནུས་ལྡན་རྡོ་རྗེས་རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་ལོ། ཕྱི་ལོ་༡༨༩༣ལོར་བཙུན་མའི་དགོན་སྡེ་འདི་ཕྱག་བཏབ། རྗེ་ཉིད་ཀྱི་སྐུ་དུས་སུ་བཙུན་མའི་འདུས་སྡེ་རྣམས་ཟབ་རྒྱས་དབང་ཁྲིད་གདམས་པས་སྨིན་པར་མཛད་པས། ཉམས་རྟོགས་ལྡན་པའི་རྣལ་འབྱོར་མ་མང་དུ་བྱུང་། དེ་ནས་༡༩༥༨ལོའི་དུས་ཟིང་སྐབས་དགོན་གནས་རྟེན་དང་བརྟེན་པ་བརླག། སླར་རབ་རྒྱན་ཆུ་སྤྲེལ་༡༩༩༢ལོར་དགོན་གནས་ཉམས་གསོའི་མགོ་ཚུགས། གཙུག་ལག་ཁང་དང་རུང་ཁང་། མགོན་ཁང་སོགས་གསར་བཞེངས་ལེགས་པར་གྲུབ། བཙུན་མ་རྣམས་ཀྱིས་ལོ་ལྟར་རྒྱལ་ལུགས་ཐུགས་རྗེ་ཆེན་པོ་དང་། ལྷོ་ནུས་ལྡན་རྡོ་རྗེའི་ཟབ་གཏེར་ཐུགས་སྒྲུབ་བདེ་ཆེན་སྙིང་པོ་སོགས་སྒྲུབ་ཆེན་དང་སྒྲུབ་མཆོད། རྒྱུན་དུ་ཟླ་རེའི་དུས་མཆོད་མ་ཆག་པར་བཙུན་མ་རྣམས་རྒྱུན་བཞུགས་མཛད་ཅིང་། སྐབས་སྐབས་མཁན་སློབ་གདན་ཞུས་ཀྱིས་ཆོས་ཁྲིད་འཆད་ཉན་དང་རིག་གནས་སློབ་སྦྱོང་ལ་འབད་པ་ལྷུར་ལེན་པ་དང་། སྔར་སྲོལ་འབྲི་དགོན་ཕལ་ཆེར་གྱི་སྒྲུབ་གྲྭའི་ཕྱག་བཞེས་སུ་བཙུན་དགོན་གྱིས་དམ་ཆོས་དགོངས་པ་ཡང་ཟབ་ཀྱི་ཉམས་ལེན་གནང་སྲོལ་ཡོད་པ་བཞིན། མཆོང་དེའུ་བཙུན་མའི་སྒྲུབ་སྡེ་རྣམས་སུ་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་དང་། རྒྱུན་དུ་རང་རང་གི་རྒྱུད་ཚོད་དང་བསྟུན་པའི་ཐོས་བསམ་སློབ་གཉེར་དང་ཆོས་སྤྱོད་དགེ་སྦྱོར་ལ་འབད་བཞིན་བཞུགས་པ་བཅས་སོ། །