ཕྱག་ཆེན་དགོན།

རྫོང་འགོ་གསང་སྔགས་དར་རྒྱས་གླིང་ངམ། ཕྱག་ཆེན་དགོན་གྱི་རི་ཁྲོད་ནི། བཀའ་བརྒྱུད་ཆེ་བཞི་ལས་བྱང་འབའ་རོམ་དར་མ་དབང་ཕྱུག་གི་ཐུགས་སྲས། ཇོ་བཙུན་ནམ་མཁའ་འམ། གྲུབ་ཆེན་རྫོང་འགོ་རས་པས་བོད་རབ་བྱུང་བཞི་པའི་ཆུ་ལུག་ལོ་སྟེ། སྤྱི་ལོ ༡༢༢༣ ལོར་རྫོང་མགོ་ཕྱག་ཆེན་དགོན་གསང་སྔགས་དར་རྒྱས་གླིང་ཕྱག་བཏབ་མཛད། འབའ་རོམ་དར་མ་དབང་ཕྱུག་གི་ཐུགས་ཀྱི་སྲས་མཆོག་ཏཱི་ཤྲི་རས་པ་དང་གྲུབ་ཆེན་རྫོང་མགོ་རས་པ་གཉིས་གཙོས་པའི་འཕུར་ཤེས་བཅུ་གསུམ་ཞེས་གྲགས་སྙན་གྱི་སྲིད་པ་གསུམ་གཡོ་ནུས་པ་ལྟ་བུའི་ཡ་རྒྱལ་དུ་གྱུར། དེ་ནས་འབའ་རོམ་བཀའ་བརྒྱུད་ཀྱི་བསྟན་པའི་ཆུ་མགོ་ལྟ་བུར་དར་ཞིང་རྒྱས་ཀྱང་ཕྱིས་བསྟན་པའི་དར་གུད་སྤྱི་མཚུང་ལྟར་རོ།
བོད་རབ་བྱུང་བཅུ་བདུན་པའི་ས་འབྲུག་ཕྱི་ལོ་༡༩༨༨ལོར་གྲུབ་ཆེན་རྫོང་མགོ་རས་པའི་ཕྲིན་ལས་ཀྱི་ཟླ་ཟེར་དུ་དགོངས་པ། གྲུབ་ཆེན་ཀརྨ་ནོར་བུ། འབྲི་གུང་དཔའ་ཆུང་རྡོ་རྗེ་འཆང་། གྲུབ་དབང་བསྟན་འཛིན་ཉི་མ། ཨ་འཛོམས་འབྲུག་པ་ཐུབ་བསྟན་པདྨ་ཕྲིན་ལས། ཁང་གསར་བསྟན་པའི་དབང་ཕྱུག་རྣམས་ཀྱི་ཐུགས་ཀྱི་སྲས་མཆོག་ཀརྨ་ཤེས་རབ་ཕུན་ཚོགས་ལ་ལུང་གིས་བཟུང་ནས་རྫོང་མགོ་གསང་སྡགས་དར་རྒྱས་གླིང་ངམ་ཕྱག་ཆེན་རི་ཁྲོད་འདི་སླར་གསོའི་མགོ་བཟུང་། ཕྱི་ལོ།༡༩༩༩ ལོར་སྲིད་གཞུང་གི་སླར་གསོའི་ཆོག་མཆན་ཐོབ། ཕྱི་ལོ་༢༠༡༩ ལོར་རྒྱལ་བ་བཀའ་བརྒྱུད་སྤྱིའི་ཐབས་གྲོལ་ལྷན་ཚོགས་ཆེན་མོའི་དབུ་ཚུགས་པའོ།