མཛོ་རྫི་དགོན།

མཛོ་རྫི་དགོན། __
དཔལ་ལྡན་མཛོ་རྫི་དགོན་ཕུན་ཚོགས་རབ་བརྟན་ཆོས་འཁོར་གླིང་ནི། དུས་རབས་བཅུ་བཞིའི་སྨད་ཙམ་དུ་ཡོན་ལྕོག་སྤོས་གསུམ་ཞེས་པའི་གྲུབ་བརྙེས་སྐྱེས་བུ་གསུམ་གྱིས་ཁམས་ལྷ་ཐོག་གི་སའི་ཆར་ཕྱག་བཏབ་ཅིང་གདན་ས་བསྐྱངས། ཡོན་དགེ་བླ་རབས་དགུ་པའི་དུས་སུ་ཁོང་གི་སྐུ་ཚ་ཡོན་དགེ་གཏེར་ཆེན་མི་འགྱུར་རྡོ་རྗེ་དགུང་ལོ་དྲུག་གི་ཐོག་མཛོ་རྫི་ལ་ཕེབས་པ་ནས་མཐར་གྲུབ་སྤྱོད་ལ་མ་ཕེབས་བར་དུ་སྒྲུབ་གནས་མཛད་ཅིང་ཡོན་དགེའི་གྲོ་ལོད་དང་ཀརྨ་པཀྵིའི་བླ་སྒྲུབ་སོགས་ཟབ་གཏེར་མང་པོ་བཞེས། ཕྱིས་སྤྱི་ལོ་༡༧༦༥ ལོར་ཀན་ཏིང་ཏཱ་ཡི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་སྔར་གྱི་དགོན་པའི་ཕྱི་གཙུག་ལག ནང་རྟེན་གསུམ། གསང་བ་དགེ་འདུན་གྱི་སྡེ་དང་བཅས་པ་དཔལ་སྤུངས་གཉིས་པ་ལྟ་བུར་རྒྱ་བསྐྱེད་གནང་ཞིང་རྗེ་ཉིད་ཀྱི་དངོས་སློབ་ལྷ་ཐོག་རྒྱལ་སྲས་ཀརྨ་ཕུན་ཚོགས་བསྟན་པ་རབ་རྒྱས་དེ་ཉིད་མཐིང་དམར་ཅོད་པན་འཆང་བ་ཟུང་དང་ཏཱ་ཡི་སི་ཏུ་ཉིད་བཅས་ཡབ་སྲས་རྣམས་ཀྱིས་དགོངས་མགྲིན་གཅིག་པར་ཆོས་རྗེ་ཀརྨ་འཕྲིན་ལས་པའི་རྣམ་རོལ་དུ་ངོས་འཛིན་གནང་ཞིང་གདན་ས་འདིའི་བདག་པོར་མངའ་གསོལ། ལྷ་ཐོག་པ་ཡོངས་ཀྱི་སྐྱབས་མགོན་དུ་གཟེངས་བསྟོད། དམ་པ་འདི་ལྷ་ཐོག་རྒྱལ་སྲས་ཡིན་རྐྱེན་ཡོངས་གྲགས་ཀྱི་མཚན་ལ་རྗེ་དྲུང་ཞེས་ཞུ། དེ་ནས་བཟུང་ལྷ་ཐོག་རྒྱལ་རིང་རེར་རྒྱལ་སྲས་རེ་དང་བློན་ཇས་རིགས་མངའ་འབངས་བརྒྱ་ཤོག་ཕྱེད་དྲུག་ཡོངས་ཀྱིས་གྲྭ་ཁྲལ་ཆད་མེད་འཇོག་སྲོལ་ཡོད། རྒྱུན་པར་འདུས་པ་ཞལ་གྲངས་སུམ་བརྒྱ་ནས་ལྔ་བརྒྱའི་བར་བྱུང་། འཁོར་ལོ་གསུམ་གྱིས་རྒྱལ་བསྟན་ཚུལ་བཞིན་བསྐྱངས། གདན་ས་འདི་ག་རང་ལ་དེང་གི་བར་རྗེ་དྲུང་པའི་མཚན་ཅན་ལྔ་ཕེབས་པའི་གཉིས་པ་ཀརྨ་ཆོས་རྒྱལ་ཕུན་ཚོགས་ལ་ཀརྨ་པ་ཐེག་མཆོག་རྡོ་རྗེས་འཕྲིན་ལས་དོན་ཡོད་གྲུབ་པའི་ཁ་དོག་ཅན་གྱི་ཅོད་པན་བསྩལ་ཞིང་ཁོང་གི་རྒྱལ་ཚབ་ཏུ་མངའ་གསོལ། རིག་གསར་རྗེས་༧རྗེ་དྲུང་རིན་པོ་ཆེ་དང་བླ་སྤྲུལ་མཁན་པོ་རྣམས་ཀྱིས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་འཆད་ཉན་ཉམས་བཞེས་ཀྱི་སྡེ་བཤད་གྲྭ་དང་། ནཱ་རོ་དང་ནཱི་གུའི་སྒྲུབ་སྡེ། ཚོགས་ཆེན་རྒྱུད་གྲྭ། བཙུན་དགོན། རི་ཁྲོད་ཁག་བཅས་བསྐྱར་བསྐྲུན་བགྱིས་ཤིང་གཙོ་བོ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་པའི་བཀའ་སྲོལ་འཛིན་པའི་ཆོས་སྡེ་སྟེ་བར་ཁམས་ཕྱོགས་ནས་གཞི་རྒྱ་ཆེ་ཤོས་ཀྱི་དགོན་སྡེ་ཞིག་གོ།

གངས་དཀར་ནས།

ལྷོ་བྲག་གྲོ་བོ་ལུང་།

ལྷོ་བྲག་གྲོ་བོ་ལུང་གི་དགོན་པ་ནི། དུས་རབས་བཅུ་གཅིག་པའི་མགོ་སྟོད་ཙམ་ན་བོད་ཀྱི་ལོ་རྒྱུས་ཐོག་མཚན་སྙན་ཧ་ཅང་ཆེ་བའི་ལོ་ཙྭ་བ་ཕྱིས་ཀྱི་གངས་ཅན་ལྗོངས་ཀྱི་མདོ་སྔགས་གཉིས་ཀའི་བསྟན་པའི་བདག་པོ་ཞིག་སྟེ། རྗེ་བཙུན་མི་ལ་རས་པའི་བླ་མའང་ཡིན། རབ་བྱུང་གོང་གི་ལོ་སྐོར་དྲུག་ཅུའི་ཐ་མ་ཆུ་བྱི་ཕྱི་ལོ་ ༡༠༡༢ ལོར་ལྷོ་བྲག་ཆུ་ཁྱེར་གྱི་གྲོ་བོ་ལུང་དུ་སྐུ་འཁྲུངས། མཚན་ཆོས་ཀྱི་བློ་གྲོས་སུ་གསོལ། དགུང་ལོ་བཅོ་ལྔ་ནས་འབྲོག་མི་ལོ་ཙྭ་བ་ཤཱཀྱ་ཡེ་ཤེས་ཀྱི་དྲུང་དུ་སཾ་སྐྲྀ་ཏའི་སྐད་དང་སྒྲ་རིག་པ་སྦྱངས། རྒྱ་གར་འཕགས་པའི་ཡུལ་དུ་ལན་དུ་མ་ཕེབས། རྗེ་ནཱ་རོ་བ་དང་། པཎྜི་ཏ་ཡེ་ཤེས་སྙིང་པོ། ཀུ་གུ་རི་བ། མཻ་ཏྲི་བ་ཞི་བ་བཟང་པོ་ལ་སོགས་པའི་མཁས་གྲུབ་མང་པོ་ལས་གསང་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། གྲོང་འཇུག་གི་གདམས་པ་དང་། བདེ་མཆོག་མཁའ་འགྲོའི་སྙན་རྒྱུད་ཀྱི་ཆོས་སྐོར་སོགས་དུ་མ་ཐོབ། དེ་ནས་བོད་ཡུལ་དུ་ཚུར་ཕེབས་ནས་གསང་སྔགས་ཀྱི་ཆོས་དཔེ་མང་པོ་བོད་སྐད་དུ་བསྒྱུར། རྒྱ་གར་དུ་བྱོན་ཚུལ་གྱི་ཉམས་མགུར་མང་དུ་གསུངས། སྐལ་ལྡན་གྱི་སློབ་མ་མང་པོ་བསྐྱངས། དགུང་ལོ་གྱ་བརྒྱད་པ་རབ་བྱུང་གཉིས་པའི་མེ་གླང་ཕྱི་ལོ་ ༡༠༩༧ ལོར་སྐུ་གཤེགས་པའི་སྐྱེས་མཆོག་སྒྲ་བསྒྱུར་གྱི་མར་པ་ལོ་ཙས་ཕྱག་བཏབ་པའི་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པའི་འབྱུང་གནས་ཀྱི་དགོན་པ་སྔ་ཤོས་ཞིག་ཡིན་པར་གྲགས་པ་བཞིན་དོན་ལ་གནས་པའོ།།

ལྷོ་བྲག་གྲོ་བོ་ལུང་དགོན་དུ་ཡོད་པའི་ཡུམ་བདག་མེད་མའི་སྐུ་མཁར་རིན་པོ་ཆེ།
ལྷོ་གྲོ་བོ་ལུང་དགོན་པའི་དེང་སྐབས་ཀྱི་གནས་ཀྱི་བཀོད་པ།
དགོན་པའི་གནང་བཞུགས་པའི་རྗེ་མར་པའི་སྐུ་འདྲ།
གཟང་ཕུག་དང་ནཱ་རོ་རིན་པོ་ཆེའི་སྐུ་རང་བྱོན།
མཐུན་རྐྱེན་ཞིང་དང་གདན་ས་གྲོ་བོ་ལུང་དགོན།
ཆོས་ལ་སྒང་དུ་ཡོད་པའི་བླ་མ་མར་པའི་སྐུ་རྗེས།

ཀརྨ་སྙིང་གཟུགས་ནས།

ལྷོ་བྲག་ལྟག་གཉའི་བྲག་ཕུག་སོགས།

འདི་ནི་ལྟག་གཉའ་ལ་ཡོད་པའི་བླ་མ་མར་པའི་བཞུགས་ཁྲི་རེད། ས་དེར་རྗེ་མར་པ་ཡབ་ཡུམ་གཉིས་ཀྱིས་རྗེ་མི་ལ་ལ་མཚམས་ཀྱི་མྱོང་བ་གང་འདྲ་བྱུང་མིན་གཟིགས་པར་ཕེབས་ཏེ་བཞུགས་གནང་སའི་ས་དེ་རེད།

ཀརྨ་སྙིང་གཟུགས་ནས།

ཆོས་འཁོར་གླིང་དགོན་ཤུལ་སོགས།

གནའ་སྔ་མོའི་ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེ་ཆེ་གྲས་འགའི་ད་ལྟའི་རྣམ་པ།
༡ ཆོས་འཁོར་གླིང་དགོན་པ། ༢སྟོང་འཇུག་དགོན་པ། ༣ མཆོད་ཁང་རྩེ་དགོན་པ། ༤གཙང་མགོ་དགོན་པ། ༥ལྟ་གནས་དགོན་པ།

ས་གནས། ཀོང་པོ་ཉིང་ཁྲི་ཁུལ།

གནས་ལུགས་འཚོལ་བ་ནས།