ཁྲ་འགུ་དགོན།

མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་སྒ་སྟོད་ཁྲ་འགུ་བཀྲ་ཤིས་ཆོས་གླིང་དགོན་པའི་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས།

ཁྲ་འགུ་དགོན་པ་ནི།མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་ཀྱི་མཚམས།ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས།ཆུ་བོ་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ།བོད་མདོ་ཆེན་གསུམ་གྱི་ཡ་གྱལ།སྒ་སྐྱེ་རྒུ་མདོ་ཞེས།གནའ་ནས་ད་ལྟའི་བར་དུ་རྒྱ་བོད་ཧོར་གསུམ་གྱི་ཚོང་ལས་ཀྱི་འདུས་མདོ་ཞིག་ཡིན་པའི་ཕྱིར་ན།སྒ་སྐྱེ་རྒུ་ནོར་བུ་གླིང་ཞེས་འབོད་སྲོལ་ཡོད།

སྒ་སྐྱེ་རྒུ་ནོར་བུ་གླིང་གི།འབྲི་ཀླུང་དམ་པ་ཆོས་ཀྱིས་ཕྱུག་པའི་ཡུལ།ཙ་སྟོད་གཡོན་ལུང་ངམ་ཉི་ལུང་ནང་རྩི་ངུར་ཞེས་པ་རུ།རྗེ་ཀརྨ་པ་བདུན་པ།ཆོས་གྲགས་རྒྱ་མཚོས།སྤྱི་ལོ་༡༤༧༤ལོར།གདན་ས་འདི་ཕྱག་བཏབ།མཚན་ལ་བཀྲིས་ཆོས་གླིང་ཞེས་གསོལ་གནང་།དེ་ཡང་བཀའ་བརྒྱུད་གསེར་ཕྲེང་རྣམ་ཐར་ལས།ཉི་གདན་སྟེང་དུ་ཆོས་སྡེ་བཏབ་ཅེས་གསུངས།སྐབས་དེའི་དུས་ཞལ་སློབ་རྩེ་གྲས་སུ་བཞུགས་མཁན་ནི།ཁྲ་འགུ་སྐུ་ཕྲེང་དང་པོ་ཤེས་རབ་བསྟན་པའི་རྒྱལ་མཚན་མཆོག་ཡིན་སྟབས།རྗེ་བདུན་པས།ཤེས་རབ་བསྟན་པའི་རྒྱལ་མཚན་ཁོང་ལ།དགོན་འདི་ཡི་བསྟན་པའི་བདག་པོ་རུ་མངའ་གསོལ་གནང་བ་ནས་བཟུང་།མི་ལོ་བརྒྱ་ཕྲག་མང་པོའི་རིང་དུ།ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་དང་།དེ་བཞིན་དུ།སྒ་ཁྲ་ལེབ་སྐྱབས་མགོན་རིན་པོ་ཆེ་དང་།མཆོག་སྤྲུལ་བློ་གྲོས་ཉི་མ་རིན་པོ་ཆེ།སྐྱབས་རྗེ་ཟུར་སྤྲུལ་རིན་པོ་ཆེ་སྟེ།དབུ་ཡི་ཁྲ་འགུ་བླ་ཁག་ཆེ་བཞིའི་བླ་རབས་རིམ་བྱོན་དག་གིས་བསྟན་འགྲོའི་དཔལ་མགོན་མཛད།བར་དུ་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་ལ།བསླབ་གསུམ་ངུར་སྨྲིག་གིས་བརྒྱན་པའི་སྒྲུབ་དཔོན་དང་།མཁན་པོ།རྡོར་སློབ།དབུ་ཆོས་ལས་སྣེ་རྣམ་པ་གཙོར་མཛད།གྲྭ་ལྔ་བརྒྱ་དང་བན་དེ་སུམ་བརྒྱ་སྟེ།དགེ་འདུན་གྱི་སྡེ་བརྒྱད་བརྒྱ་ལྷག་འདུ་འཛོམས་བྱུང་བ་དང་།འོག་གི་ཇ་མ་ཐབ་གཡོག་དང་།གཏོར་བོར་ཁྱི་བཀགཆུ་ལེན་མྱེ་འབུད་ཡན་གྱི་ཁྲ་འགུ་དགོན་པའི་ལས་སྣེ་མོ་བ་རྣམས་ཀྱིས་ཕྱར་བ་གྲུ་འདེགས་གནང་བའི་བཀའ་དྲིན་དང་མཛད་རྗེས་ལ་བརྟེན་ནས།འདས་པའི་མི་ལོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་ཁྲོད་ནས།བཤད་གྲྭ་དང་།སྒྲུབ་གྲྭ་གོང་འོག་གཉིས།གཞུང་གྲྭ།ཡིག་གྲྭ་སྟེ།གྲྭ་བཞི་ཡི་སྒོ་ནས།ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་བསྐྱངས་སྤེལ་གསུམ་གནང་བར་གྲགས།

སྤྱི་ལོ་༢༠༡༠ལོར།སྐྱེ་རྒུའི་མདོ་ས་ཡོམ་ཆེན་མོའི་སྐབས།དགོན་འདི་ལ་ཉམས་རྒུད་ཚབ་ཆེན་བྱུང་རྗེས།སྐྱེ་རྒུ་མདོའི་གྲོང་

ཁྱེར་གྱི་ལྷོ་ཕྱོགས།སྤྱི་ལེ་༡༣་མཚམས།འབུམ་འགག་རྣམ་པར་སྣང་མཛད་ཀྱི་མདའ།དེང་སང་འབིས་མདའ་ཞེས་པའི་ས་ཆ་དེ་རུ།ས་གནས་སྲིད་གཞུང་དང་དད་ལྡན་མང་ཚོགས་ཡོངས་ནས་བཀའ་འཁྲོལ་དགོངས་ཡངས་ཐོབ་པར་བརྟེན་ནས་གནས་སྤོ་བྱས།

སྤྱི་ལོ་༢༠༡༡ལོར།ཁྲ་འགུ་དགོན་པའི་གཞིས་བྱེས་གཉིས་ཀྱི་བླ་གྲྭ་རྣམ་པས།ལྷག་བསམ་ཟོལ་མེད་ཀྱི་ཀུན་ནས་སློང་སྟེ།

ཐུགས་སྤོབས་པ་ཆེན་པོས།དཔུང་པ་མཉམ་དུ་བཤིབས།རྡོག་རྩ་གཅིག་ཏུ་སྒྲིལ།དཀའ་ཚད་ངལ་དུབ་གང་ལ་ཡང་འཛེམས་དོག་མེད་པར།བསྟན་དགོན་འདི་ཉིད་ཀྱི་དོན་ཁོ་ན་བསྒྲུབས་པར་བརྟེན་ནས།

ཁྲ་འགུ་དགོན་པའི་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་ཡོངས་སུ་རྫོགས་པའི་གཙུག་ལག་ཁང་དང་དགེ་འདུན་གྱི་ཀུན་དགའ་ར་བ་དང་བཅས་པ་གསར་བཞེངས་གནང་།

སྤྱི་ལོ་༢༠༡༥ལོར།གཙུག་ལག་ཁང་དང་རྟེན་གསུམ་གསར་བཞེངས་ལེགས་གྲུབ་བྱུང་བ་དང་དུས་མཚུངས།ཁྲ་ལེབ་ཉི་མའི་མཚན་ཅན་དགུ་བའི་ཡང་སྲིད་རིན་པོ་ཆེ་རྩད་ཆོད་བྱུང་བ་དང་འབྲེལ།དགོན་དུ་གདན་འདྲེན་ཞུས།ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན།ཡོངས་འཛིན་ཁྲ་འགུ་མཁན་ཆེན་ཀརྨ་བློ་གྲོས་རིང་ལུགས་སྨྲ་བའི་སེངྒེ་མཆོག་དང་།སྐྱབས་རྗེ་ཟུར་སྤྲུལ་རིན་པོ་ཆེ་།མཆོག་སྤྲུལ་བློ་གྲོས་ཉི་མ་རིན་པོ་ཆེ།མཁན་པོ་ཀར་མཐར་རིན་པོ་ཆེ་སྟེ།ཁྲ་འགུ་གཞིས་བྱེས་གཉིས་ཀྱི་བླ་གྲྭ་ལྷན་འཛོམས་བྱུང་བ་དང་།དེ་བཞིན་དུ།སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་མཆོག་གི་སྤྲུལ་སྐུ་རྣམ་པ་དང་།མཁས་དབང་དགེ་བའི་བཤེས་གཉེན་རྣམ་པ།དེ་བཞིན་ཕྱོགས་མཐའ་གྲུ་ཀུན་ནས་ཕེབས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས།གདན་ཐོག་གཅིག་ཏུ་ཞལ་འཛོམས་པའི་ཐོགདད་ལྡན་སེར་སྐྱ་ཁྲི་ཚོ་མང་པོས་མཐའ་བསྐོས་ཏེ།སྤྱི་ལོ་༢༠༡༥ལོའི་ཟླ་༨ཚེས་༡༥དང་༡༦ཏེ།ཉིན་གཉིས་ཀྱི་རིང་ལ།སྒོ་འབྱེད་རྟེན་འབྲེལ་གྱི་མཛད་སྒོ་ཀུན་དང་མཐུན་ལ།ཀུན་ལ་གྲགས་པའི་སྒོ་ཁ་ཡངས་པོ་ཕྱེས་ཏེ།བཀྲ་ཤིས་པའི་སྨོན་ལམ་གྱི་མཐའ་བརྒྱན་པ་འདིས།རེ་ཞིག་ཁྲ་འགུ་དགོན་པའི་ལོ་རྒྱུས་འཐུས་པ་བྱས་སོ།། །།