རི་པ་སྨད་མ་དགོན།

༈ རི་པ་སྨད་མ་དགོན་ནི།
ཡུལ་ཤུལ་རྫ་སྟོད་མངའ་ཁོངས་སུ་ཆགས་པའི་དགོན་སྡེ་ཞིག་ཡིན་ལ། དེ་ཡང་འབའ་རོམ་སྒོམ་སྡེ་རི་ཁག་བཅོ་བརྒྱད་ཀྱི་ནང་ཚན་རྫ་རི་པའི་ཆོས་བརྒྱུད་ལས་བྱུང་བ་ཐོག་མར་འབའ་རོམ་བཀའ་བརྒྱུད་ཡིན་ལ་ཕྱིས་ཀརྨ་ཀཾ་ཚང་གི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་སྟེ། དེ་ཡང་འབའ་རོམ་དར་མ་དབང་ཕྱུག་ནས་རིམ་པར་བརྒྱུད་པའི་གསང་བ་ལུས་མེད་རྡོ་རྗེའི་ཐུགས་སྲས་བཀའ་བབས་བུ་ཆེན་བཞིའི་ཡ་གྱལ་དངུལ་མཛོད་ཤཱཀྱ་རྡོ་རྗེའི་སྐྱེ་མཐའ་རྒྱལ་སྲས་ཀུན་དགའ་བློ་གྲོས་ཀྱིས་དུས་རབས་བཅུ་བཞི་པའི་ནང་ཙམ་ནས་ཨ་ཁྲོ་དབྱི་མདའ་རུ་བཙུན་དགོན་ཞིག་དང་རྫ་རྒྱུད་དཀར་མོ་སྙིང་ཐང་དུ་གྲྭ་དགོན་སྟེ་དགོན་ས་ཐོག་མ་བཏབ་ནས་རིམ་བཞིན་ལྕི་གཞུང་ཕྱོགས་སུ་གནས་སྤོས། ཕྱིས་སུ་རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་དགོན་འདིར་ཕེབས་སྐབས་རི་སྨད་བཤད་སྒྲུབ་དར་རྒྱས་གླིང་ཞེས་མཚན་གནང་། རིག་གསར་རྗེས་དགོན་པ་སླར་གསོ་བྱས་ཞིང་བསྟན་པའི་བདག་པོ་དངུལ་རྫོང་ཤཱཀྱའི་རྡོ་རྗེའི་སྐུ་ཕྲེང་བཅོ་ལྔ་པ་རྒྱལ་མཚན་སྤྲུལ་སྐུ་མཆོག་དང་བླ་སྤྲུལ་རྣམས་ཀྱིས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་འཆད་ཉན་ཉམས་བཞེས་ཀྱི་སྡེ་ནཱ་རོ་ཆོས་དྲུག་གི་སྒྲུབ་སྡེ་དང་། བཤད་གྲྭ། ཡིག་གྲྭ། གསར་བསྐྲུན་གྲུབ་པ་དང་། དེང་གི་ཆར་དགེ་འདུན་གྱི་སྡེ་ཡང་བཅུ་ཕྲག་བཅུ་གསུམ་ལྷ་ཙམ་བཞུགས་པའི་་ཆོས་སྡེ་ཞིག་གོ།། །།

དགེ་ལེགས་ཚུལ་ཁྲིམས་ནས།