གོ་ཆེའི་བཙུན་དགོན་མྱུ་གུ་མགུལ་དཀྲིས།

གོ་ཆེའི་བཙུན་དགོན་མྱུ་གུ་མགུལ་དཀྲིས་ངོ་སྤྲོད།

ཀརྨ་བཀའ་བརྒྱུད་མྱུ་གུ་མགུལ་དཀྲིས་བཙུན་དགོན་ནི། རྒྱ་མཚོའི་ངོས་ནས་སྨི3520ཙམ་དང་། ནང་ཆེན་རྫོང་ནས་ཤར་ངོས་སུ་སྤྱི་ལེ༡༨ཀྱི་མཚམས་ཁ་རོང་འགག་ཏུ་ཆགས་ཤིང་། སྒྲུབ་གནས་འདི་ནི་རྫ་བྲག་དང་ཚང་ཚིང་ཕུན་སུམ་ཚོགས་ཤིང་རི་དྭགས་དང་བྱ་རིགས་མང་པོ་ངང་གིས་འདུ་བའི་བཀའ་བརྒྱུད་པའི་སྒྲུབ་གནས་ཁྱད་པར་ཅན་ཞིག་ཡིན། ལྷག་པར་དུ་སྒྲུབ་གནས་གཙོ་བོ་རྫ་མེ་རི་ཕུག་པར་གྲུབ་ཐོབ་ཁམས་པ་མི་གསུམ་སོགས་དམ་པའི་སྐྱེས་བུ་མང་པོའི་སྒྲུབ་གནས་སུ་གྱུར། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་སློབ་ཆེན་བཞིའི་ཡ་གྱལ་གནས་མདོ་ཨོ་རྒྱན་མཐར་ཕྱིན་ཉིད་ཀརྨ་ཆགས་མེད་རིན་པོ་ཆེའི་ལུང་བསྟན་ལྟར་སྒྲུབ་པ་མཛད་ཅིང་གདན་ས་གོ་ཆེ་ཕྱག་བཏབ་ཟིན་པའི་རྗེས་སུའང་སྒྲུབ་གནས་དེར་འདག་སྦྱར་མཛད་དེ་གནས་དེ་ཉིད་དུ་ཞིང་ལ་ཕེབས། གཞན་ཡང་རིས་མེད་ཀྱི་སྐྱེས་ཆེན་ཏི་ཤྲི་རས་པ་དཀར་པོ་དང་། སྤྱི་ལོ༡༤༠༠སྐབས་ཙམ་ལ་དྲུང་རྨ་སེ་བློ་གྲོས་རིན་ཆེན་རྣམས་བྱོན།
གཞན་ཡང་འབའ་རོམ་འཕུར་ཤེས་བཅུ་གསུམ། མཁས་གྲུབ་ཀརྨ་ཆགས་མེད། མཁྱེན་ཀོང་མཆོག་གསུམ་སོགས་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་སྒྲུབ་པ་མཛད་པ་མ་ཟད། ལྷག་པར་དུ་བྱམས་མགོན་པདྨ་དབང་མཆོག་རྒྱལ་པོ་ཡང་སྒྲུབ་གནས་འདིར་བཞུགས་ཤིང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གནས་ཡིག་རྒྱས་པའང་མཛད། ཚུར་རི་རྣམ་དག་དང་ཆུ་གསོལ་རྟོགས་ལྡན་ཡོན་ཏན་རྒྱ་མཚོ་སོགས་གདན་ས་གོ་ཆེའི་མཁས་གྲུབ་ཀྱི་སྐྱེས་བུ་ཕལ་མོ་ཆེའི་སྒྲུབ་པའི་རྒྱལ་མཚན་བཙུགས།
རབ་བྱུང་བཅུ་དྲུག་པའི་སྨད་དུ་རྒྱལ་བསྟན་ཡང་དར་གྱི་སྐབས་སུ་དབེན་གནས་འདིར་བཙུན་མའི་སྒྲུབ་ཁང་མཛད་ཅིང་། བརྡའ་ཚང་རྟོགས་ལྡན་ལྷུན་གྲུབ་རིན་པོ་ཆེའི་ཐུགས་རྗེའི་བདག་རྐྱེན་ལས་འགྲིམ་འགྲུལ་གྱི་སྟབས་དང་བསྟུན་ནས་རིམ་བཞིན་རྫ་མེ་རི་ཕུག་པའི་ཞོལ་དུ་སྒྲུབ་གྲྭ་གནས་སྤོས་ཤིང་དགོན་པ་ཕྱག་བཏབ་ཅིང་དེང་གི་ཆར་བསྟན་པ་རྒྱུན་མ་ཉམས་དར་རྒྱས་སུ་གནས་སོ། །

གོ་ཆེ་དྷརྨ་ཀ་རའི་དཔེ་ཚོགས་རྩོམ་སྒྲིག་ཁང་གིས།