འཇང་ཐར་པའི་ལམ་འཛིན་གླིང་།

༈ ཐར་པའི་ལམ་འཛིན་གླིང་ནི། དེ་ཡང་ཡུན་ནན་ཞིང་ཆེན་འཇང་ཡུལ་ས་ཐམ་གྲོང་ཁྱེར་(云南省丽江市)དེའི་ནུབ་ཕྱོགས་སུ་ལེ་བར་ 5 ཙམ་ཡོན་པའི་སར་སྤྱི་ལོ་ 1756 ལོར་བཏབ་པའི་ཀཾ་ཚང་བཀའ་བརྒྱུད་ཀྱི་དགོན་པ་ཞིག་ཡིན། དགོན་པ་བཏབ་པ་པོའི་མཚན་མི་གསལ་ཀྱང༌། ཡུལ་དེའི་མི་དཀྱུས་མ་ཞིག་གིས་ཁྱིམ་ཆུང་མ་དང་བཅས་པ་སྤངས་ནས། ཁམས་སྡེ་དགེ་དཔལ་སྤུངས་སུ་སོང་སྟེ་རབ་ཏུ་བྱུང༌། དེར་ལོ་མང་རིང་ལ་ཆོས་སྤྱོད་ཆོ་ག་ཕྱག་ལེན་གར་འཆམས་རོལ་མོ་དབྱངས་གདངས་ཐིག་རྡུལ་ཚོན། མདོར་ན་མདོ་སྔགས་རིག་གནས་དང་བཅས་པ་སྦྱངས་འབྲས་མཐར་ཕྱིན་ནས། སླར་རང་ཡུལ་དུ་ཕེབས་ནས་རྒྱལ་པོ་ལ་དགོན་ས་བསླངས་ཏེ། རྒྱལ་པོས་ཀྱང་གནང་བ་སྦྱིན། དེ་ནས་ 1756 ལོར་བཀྲ་ཤིས་དགེ་མཚན་འབར་བའི་དུས་བཟང་ཞིག་ལ་དགོན་ས་བཏབ་སྟེ་དེ་སྐབས་མཚན་ཕུན་ཚོགས་གླིང་ཞེས་གསར་དུ་གསོལ། རྒྱ་སྐད་ལ་(普济寺)ཟེར། དེ་ནས་བཟུང་འཇང་དགོན་ཆེན་བཅུ་གསུམ་གྱི་ཡ་གྱལ་དུ་གྱུར་པའི་དགེ་འདུན་གྱི་སྡེ་དང་བཤད་སྒྲུབ་ཀྱི་བསྟན་པ་ཉི་ཟླ་ལྟར་གསལ་བའི་ཀཾ་ཚང་གི་ཆོས་སྡེ་ཆེན་པོ་ཞིག་ཏུ་གྱུར། དགོན་པ་འདི་ཆགས་པའི་རྒྱབ་ཀྱི་རི་བོ་དེ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གྱི་གནས་དང༌། གཡས་སུ་འཇང་རི་སྨུག་པོའི་རྡོ་རྗེ་ཕག་མོའི་སྒྲུབ་གནས་དང༌། གཡོན་དུ་གཡུ་འབྲུག་གངས་རི་སྒྲུབ་ཆེན་བཀའ་བརྒྱད་ཀྱི་གནས་དང༌། མདུན་རི་ཨ་ཙ་རས་གླང་པོ་ཆེན་ཁྲིད་པའི་རྣམ་པ་ཅན་གྱི་གནས་བཅས་ཡོད་པ་དང༌། ཕྱོགས་མཚམས་རྣམས་སུ་ནགས་ཚལ་མེ་ཏོག་གི་རིགས་འདྲ་མིན་སྟུག་ཅིང་མཚར་དུ་མངར་བ། དྭངས་བསིལ་གྱི་འབབ་ཆུ་མདུན་དུ་རྒྱུ་ཞིང་ལྷུང་ལྷུང་གི་སྒྲ་སྒྲོག་པ། ཉེ་འགྲམ་གྱི་གྲོང་ཚོ་ཀུན་བོད་རིགས་ཡིན་པས་བློ་སེམས་ཆོས་ལ་དཀར་ཞིང་དགེ་བཅུར་སྤྱོད་པའི་ངང་ཚུལ་བཟང་བ་ཅན་ཡོད་པ་དང༌། དགོན་འདི་ཡང་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་རྣམས་ཀྱི་ཞབས་ཀྱིས་བཅག་པ་དང༌། ཁྱད་པར་དུ་འཇང་སྐྱབས་མགོན་དྲུང་པ་རིན་པོ་ཆེ་དང༌། དགོན་འདིའི་སྤྲུལ་སྐུ་རུ་གྲགས་པའི་ཤེས་རབ་སྤྲུལ་སྐུ་རྣམ་གཉིས་ཀྱིས་བསྟན་པའི་བདག་པོ་མཛད་ནས། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རིང་ལུགས་དྲི་མ་མེད་པར་འཛིན་པའི་ཆོས་སྡེ་ཆེན་པོ་ཞིག་ཏུ་སྣང༌། ད་ལྟ་ཡང་ཤར་ནོར་དྲུང་པ་རིན་པོ་ཆེའི་ཐུགས་ཁུར་དང་དབུ་འཛིན་ཞབས་དགོན་བདག་ཡོན་ཏན་བླ་མ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པ་བཅས་ལགས་སོ། །དགེའོ།། །།