གཞིས་རྩེ་མཐོང་གླིང་དགོན་པ།

མཐོང་གྲོལ་བསམ་གཏན་ཆོས་གླིང་དགོན་ནི་བོད་ལྗོངས་གཞིས་རྩེ་ས་གནས་ངམ་རིང་རྫོང་རྩྭ་རྩེ་ཡུལ་ཤོག་ཏུ་གནས་ཡོད།   སྤྱི་ལོ ༡༨༨༨ ལོར་མཐོང་གླིང་བསྟན་འཛིན་པདྨ་འོད་ཟེར་གྱིས་ཕྱག་བཏབ།   ངམ་རིང་རྫོང་གི་བྱང་ཕྱོགས་ནས་སྤྱི་ལེ་༡༨༠ཙམ་ན་དགོན་དེ་ཉིད་ཆགས་ཡོད།  སྔོན་དུས་རྗེ་པདྨ་འོད་ཟེར་གྱི་སྐབས་སུ་འདུ་ཁང་ཆེ་བ་ཀ་བ་ཉི་ཤུ་རྩ་གཅིག་ཡོད་པ་གཅིག་དང་།  འདུ་ཁང་ཆུང་བ་ཀ་བ་བཅུ་གཉིས་ཅན་གཅིག མཐོང་གླིང་བླ་བྲང་དང་། བྱང་གླིང་བླ་བྲང་བཅས་དང་གྲྭ་བཙུན་ཡང་༢༠༠ལྷག་ཡོད།  སྐུ་ཕྲེང་གཉིས་པ་དཀོན་མཆོག་བསྟན་འཛིན་འཕྲིན་ལས་འགྱུར་མེད་ཀྱི་སྐུ་དུས་སུ་སྔར་གྱི་ཕྱག་བཞེས་མཐའ་དག་མ་ཉམས་པའི་ཐོག་སེར་སྐྱ་བགྲང་ལས་འདས་པ་དབང་ལུང་ཁྲིད་གསུམ་སོགས་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་པས་རིམ་གཉིས་ཟབ་མོའི་དོན་ལ་བརྟན་པ་ཐོབ་པའི་སློབ་ཚོགས་བགྲང་ལས་འདས་པ་བྱོན།  དེ་རྗེས་རིག་གནས་གསར་བརྗེའི་གོད་ཆག་ཁྲོད་དུ་དགོན་འདི་ཉིད་རྩ་གཏོར་དུ་སོང་ཡང་། སྤྱི་ལོ་༡༩༩༥ལོར་ལུང་བླ་མའམ་ཀརྨ་ལུང་རྟོགས་རིན་པོ་ཆེ་ནས་བསྐྱར་བཞེངས་མཛད་པ་དང་།  སྤྱི་ལོ་༢༠༠༧ལོར་མཐོང་གླིང་སྐུ་ཕྲེང་གསུམ་པ་མཆོག་སྤྲུལ་རིགས་བཟང་རྡོ་རྗེ་ནས་སླར་ཡང་བསྐྱར་བཞེངས་གནང་ནས་དགོན་འདིའི་ཕྱི་ནང་གསང་གསུམ་ལེགས་པར་གྲུབ། ད་ལྟའི་ཆར་མཚུར་ལུགས་ཀྱི་ཆོ་ག་ཆོས་སྤྱོད་དང་།  རྟེན་གསུམ་སོགས་ཕྱོགས་གང་ས་ནས་གྲྭ་རྒྱས་ཕུན་སུམ་ཚོགས་ཤིང་། འགྲོ་མགོན་ཀརྨ་བཀའ་བརྒྱུད་པའི་རིང་ལུགས་འཛིན་པའི་དགོན་པ་ཞིག་ཡིན་ནོ།།