ཀེ་རོང་དགོན།

ཀེ་རོང་དགོན་ཕུན་ཚོགས་རབ་བརྟན་གླིང་ནི།
བོད་སྐྱོང་དགེ་བསྙེན་ཉེར་གཅིག་གི་ཡ་གྱལ་རྡོ་རྗེ་འབར་བའི་བཞུགས་གནས་ཁྱད་པར་ཅན་ཀེ་རོང་རྡོ་རྗེ་ཅང་ཕུག་གི་མདུན་དུ། རྡོ་རྗེ་ཕག་མོ་གན་རྐྱལ་དུ་བཞུགས་འདྲིའི་ས་དཔྱད་ཁྱད་པར་ཅན་དེར་ཟུར་མང་དྲུང་རྨ་སེའི་སློབ་མ་ཆུ་གསོལ་འོད་ཟེར་བཟང་པོས། རབ་བྱུང་བརྒྱད་པའི་དབང་ཕྱུག་ཞེས་པ་མེ་མོ་གླང་གི་ལོ་སྤྱི་ལོ་༡༤༥༧ལོ་རི་ཁྲོད་ཙམ་ཕྱག་བཏབ་པས་རིམ་བཞིན་དགོན་པར་ཆགས། ཟུར་མང་བཀའ་བརྒྱུད་པ་ཡིན། དགོན་དེ་ཉིད་ཕྱིས་སུ་ཉམས་རྒུད་ཅུང་ཙམ་སོང་བས་དྲུང་ཀུན་དགའ་བསྟན་པ་ར་རྣམ་རྒྱལ་ནས་རབ་བྱུང་བཅུ་གཅིག་པ་སྨྱོས་ལྡན་ཞེས་པའི་ས་མོ་ཡོས་ཀྱི་ལོ་སྤྱི་ལོ་༡༦༣༩ལོ་བསྐྱར་གསོ་མཛད།
རབ་བྱུང་༡༢པའི་ཤིང་སྤྲེལ་ལོ་སྤྱི་ལོ་༡༧༠༤ལོ་གཏེར་སྟོན་རོལ་པ་རྡོ་རྗེ་སྐུ་ཕྲེང་དང་པོས་ཀེ་རོང་རྡོ་རྗེ་ཅང་ཕུག་ནས་ཕྱག་རྡོར་ཆོས་བསྐོར་གཏེར་ནས་སྤྱན་དྲངས་ཏེ་ཕུན་ཚོགས་རབ་བརྟན་གླིང་དུ་ཤོག་སེར་ཕབ་སྐབས་སྒྲུབ་སྡེ་ཕུན་ཚོགས་དབེན་གནས་གསར་རྒྱག་མཛད།སྤྱི་ལོ་༡༩༥༨ལོ་དུས་དབང་གིས་འཇིགས་པས་སླར་ཡང་རྒྱལ་བསྟན་ཡར་དར་གྱི་སྐབས་སུ་༡༩༨༤ལོ་ཆབ་མདོ་རྫོང་སྲིད་གཞུང་ནས་ཉམས་གསོའི་ཆོག་མཆན་ཐོབ་པས། རབ་བྱུང་བཅུ་དྲུག་པའི་ཤིང་བྱི་ལོ་ཟླ་བ་དང་པོའི་དུས་ཚེས་དགེ་བར་ཟླ་སྤྲུལ་སྐུ་མཆེད་ལྷ་ཐོག་སྐྱེ་རེ་དགོན་གྱི་སྤྲུལ་སྐུ་ཀརྨ་སྒྲུབ་བརྒྱུད་ལགས་ཀྱི་ལས་ཀའི་དབུ་འཛིན་མཛད་དེ་དད་ལྡན་སེར་སྐྱ་ཡོངས་ཀྱིས་ལྷ་ཁང་དང་། སྙན་བརྒྱུད་སྒྲུབ་ཁང་དང་ཕྱག་རྡོར་མགོན་ཁང་བླ་མའི་གཟིམས་ཁང་བཅས་གྲྭ་ཁང་བཅུ་ཕྲག་ཁ་ཤས་བསྐྱར་གསོ་གནང་བ་འོ།།