ཀརྨ་རི་བྲག་དགོན།

༄༅། །མདོ་ཁམས་ཀྲེ་ཤོད་ཀརྨ་རི་བྲག་དགོན་པ་ནི་ཏྲེ་ཤོད་གངས་ཀྱི་ར་བའི་ཡར་སྟོད་རྗེ་དུས་གསུམ་མཁྱེན་པའི་འཁྲུངས་གཞིའི་འབོ་མཆོག་སྡེ་བའི་ཐད་ཙམ་གྱི་རྫ་ཆུའི་ཚུལ་རོལ་ན་གོང་ལུང་སྡེ་བའི་མངའ་ཁོངས་སུ་གནས་ཤིང་།
དུས་རབས་བཅིུས་པའི་རབ་བྱུང་ལྔ་བའི་མེ་གླང་ལོར་༧ དཔལ་རྒྱལ་དབང་ཀརྨ་པ་དཔལ་ལྡན་དུས་གསུམ་མཁྱེན་པས་ཕྱག་བཏབ་པར་རེད་ཅེས་བཤད་སྲོལ་མཆིས་ཀྱང་། ལོ་རྒྱུས་འཕེལ་འགྲིབ་ཀྱི་དབང་གིས་དགོན་པ་འདི་ལ་ཡང་ཆགས་འཇིགས་གང་མང་བྱུང་ཞིང་། བར་སྐབས་སུ་མདོར་སྟེང་ལྕགས་མོ་དགོན་པའི་སྒྲུབ་ཁང་ངམ་རི་ཁྲོད་ཞིག་ཏུ་ཆགས།
དེ་ཡང་མདོ་སྟེང་ལྕགས་མོ་དགོན་པ་ནི་མདོ་ཁམས་ཏྲེ་ཤོད་ཡུལ་དུ་རྒྱལ་བ་བཀའ་བརྒྱུད་པའི་དགོན་ཆེན་ཞིག་ཏུ་ཆགས་ཤིང་ཚོགས་བརྡ་ལ་དགོན་པའི་གླིང་བཞི་ནས་འཁར་རྔ་རྡུང་དགོས་ཤིང་ཚོགས་བརྡའི་འཁར་རྔ་དང་པོ་ཐོས་མ་ཐག་རི་ཁྲོད་ནས་ཞབས་ཀྱང་ལམ་དུ་ཆས་ན་ཡང་ཚོགས་རྗེས་ཟིན་སྐད། ཕེབས་ལམ་ལའང་བླ་མའི་ལམ་ཞེས་རྐང་ལམ་ཕྲ་མོ་ཞིག་ད་ལྟར་ཡང་གསལ་པོ་ཡོད།
དགོན་འདི་ད་ལྟ་ཆེས་ཐོག་མའི་གནས་དེའི་མར་ནང་སྐད་རྒྱང་གང་གི་མཚམས་སུ་ཆགས་ཡོད། ཕྱི་ལོ་༡༩༩༣ལོ་ནས་བཟུང་དུས་ད་ལྟའི་བར་རི་བྲག་བླ་མ་བྱང་ཆུབ་ཀྱི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་དགོན་འདིའི་ཕྱི་ནང་བར་གསུམ་རྒྱ་བསྐྱེད་གནང་བཞིན་པར་ལགས་སོ། །