འཇང་འོག་མིན་རྣམ་གྲོལ་གླིང་།

༈ འཇང་འོག་མིན་རྣམ་གྲོལ་གླིང་ནི། ཡུན་ནན་ཞིང་ཆེན་གྱི་ཁོངས་གཏོགས་ས་ཐམ་ཡུལ་གྱི་གཡུ་འབྲུག་གངས་རིའི་བརྒྱུད་དུ་ཆགས་ཡོད། སྔར་འཇང་རྒྱལ་དག་གི་སྐྱེད་ཚལ་གླིང་དུ་ཡོད་པའི་ཕྱག་མཆོད་གནང་སའི་མཆོད་ཁང་ཞིག་ཡིན། དེའི་ཕྱིས་སྤྱི་ལོ་ 1516 ལོར་རྗེ་རྒྱལ་བ་མི་བསྐྱོད་རྡོ་རྗེ་འཇང་དུ་གདན་དྲངས་པས་ཕོ་བྲང་དུ་བྱོན། དེའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སྡོམ་སོགས་གནང་ནས་བླ་སློབ་ཀྱི་ཆོས་འབྲེལ་ཚུགས། རྒྱལ་པོས་སྐྱེད་ཚལ་གྱི་མཆོད་ཁང་དེ་བཞུགས་གནས་སུ་ཕུལ་བས་བླ་མས་གླིང་འདི་ལ་འོག་མིན་རྣམ་གྲོལ་གླིང་ཞེས་མཚན་གསོལ། དེ་ནས་བཟུང་ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་གདན་སར་གྱུར། རྗེ་ཉིད་འདིར་བྱོན་ནས་ནད་ངན་དང་འཁྲུག་རྩོད་ཞི་ཞིང༌། ཡུལ་བདེ་ལ་བཀྲ་ཤིས་པའི་ལྟས་སོགས་བྱུང་བས་རྒྱལ་པོས་དགོན་འདིའི་སྒོ་ཆེན་གྱི་མི་ལ་ ( 解脫林 ) ཐར་པའི་གླིང་ཞེས་བྲིས། ཀརྨ་པ་བརྒྱད་པ་ཞག་མ་བདུན་ཕྲག་བདུན་ཙམ་གྱི་མཚམས་ནས་ཕྱིར་རྒྱལ་ཐང་དུ་ཕེབས། ཕྱིས་སུ་ཀརྨ་པ་མི་བསྐྱོད་རྡོ་རྗེའི་སློབ་མ་ཞྭ་དམར་དཀོན་མཆོག་ཡན་ལག་དང༌། སི་ཏུ་དང༌། རྒྱལ་ཚབ་སོགས་དགོན་འདིར་བྱོན་ནས་འཇང་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐོག་མར་ཚོགས། དེ་དུས་ངུར་སྨྲིག་འཛིན་པ་སྟོང་ཚོ་ལས་བརྒལ་བ་བྱུང༌། དེ་ནས་འཇང་རྒྱལ་བསོད་ནམས་རབ་བརྟན་ ( 木增 ) གྱིས། ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེ་འཇང་དུ་གདན་འདྲེན་ཞུས་ཀྱང་ཕེབས་མ་ཐུབ་པར་ཁོང་གི་སྐུ་ཚབ་ཏུ་གར་དབང་ཆོས་ཀྱི་དབང་ཕྱུག་དང༌། ཀརྨ་པཀྴིའི་གདུང་རུས་ལས་འཁྲུངས་པའི་བླ་མ་ཀརྨ་ལྷུན་གྲུབ་དང་སི་ཏུ་ཆོས་ཀྱི་རྒྱལ་མཚན་སོགས་ས་ཐམ་དུ་བཏང༌། སླར་ཡང་དགོན་འདིར་བཀའ་བརྒྱུད་སྨོན་ལམ་ཚོགས་པ་སོགས་མཛད། རྒྱལ་པོས་བསྟན་པ་ལ་ཞབས་ཕྱི་ཞུ་ན་བྱ་བ་གང་ལེགས་ཞུས་པས། བཀའ་འགྱུར་དཔར་དུ་བརྐོ་བར་གདམས་པས་རྒྱལ་པོས་རྒྱལ་བའི་བཀའ་འགྱུར་དཔར་དུ་བརྐོ་རྒྱུ་ཐུགས་ཐག་བཅད་དེ། སྤྱི་ལོ་ 1674 ལོར་དབུ་བརྩམས་ཏེ་ལོ་འཁོར་བཅུ་གསུམ་གྱི་རིང་ལ་རྒྱལ་པོས་སྦྱིན་བདག་གནང་ནས་ལོ་རྒྱུས་ཐོག་གི་འཇང་དཔར་པོད་བརྒྱ་དང་བརྒྱད་ཅན་གྱི་བཀའ་འགྱུར་དེ་འོག་མིན་རྣམ་གྲོལ་གླིང་འདིར་བརྐོས་ཤིང་མཇུག་རྫོགས་པར་བྱས། སྤྱི་ལོ་ 1647 ལོར་ཀརྨ་པ་བཅུ་པ་དབུས་དང་གཙང་གཉིས་ཀྱིས་འཁྲུག་པ་ལ་ཡི་མ་རང་བར་ཁམས་སུ་བྱོན། དེ་དུས་སུ་འཇང་རྒྱལ་པོས་ས་ཐམ་དུ་གདན་དྲངས་ནས་ཀརྨ་པ་བརྒྱད་པའི་བཞུགས་གནས་འདི་ཕུལ། རྗེ་ཉིད་ཀྱིས་རྒྱལ་འཁོར་ཆོས་ཀྱིས་ཚིམ་པར་བྱས། ཀཾ་ཚང་གི་དགོན་པ་བཅུ་གསུམ་བཏབ། གདན་ས་འདི་རུ་གཙོ་བོ་བྱས་ནས་ཀཾ་ཚང་གི་བརྒྱུད་པ་མ་ནོར་བའི་ཆོས་རྒྱུན་སྤེལ། ཀརྨ་པ་བཅུ་པ་ཉིད་འཇང་ཡུལ་དུ་ལོ་བཅུ་གསུམ་བཞུགས་པའི་མཚམས་ནས་རྒྱལ་དབང་ལྔ་པས་བོད་དུ་ཕེབས་དགོས་པའི་བཀའ་གནང་བས་བོད་དུ་བྱོན། དེའི་ཕྱིས་སི་ཏུ་ཆོས་ཀྱི་འབྱུང་གནས་དགོན་འདིར་ལན་གྲངས་མང་པོར་བྱོན་ནས། གྲྭ་པ་བརྒྱ་སྐོར་ལ་དགེ་ཚུལ་དང་དགེ་སློང་གི་བསླབ་པ་དང་ཆོས་སྤྱོད་སོགས་ཀྱི་ལུང་གནང༌། ཕྱིས་སུ་སི་ཏུ་རིན་པོ་ཆེ་ཡིས་འཇང་དགོན་ཁག་རྣམས་དང་སྤང་འབྲུག་གཉིས་བཅས་ཀྱི་སྐྱབས་མགོན་དུ་འཇང་དྲུང་པ་རིན་པོ་ཆེས་གནང་དགོས་པར་བཀའ་གནང་བ་ནས་བཟུང༌། སྤང་འབྲུག་གཉིས་དང་འཇང་དགོན་དག་གི་བསྟན་པའི་མངའ་བདག་ཏུ་འཇང་དྲུང་པ་རིན་པོ་ཆེས་མཛད་ནས་བཤད་སྒྲུབ་ཀྱི་བསྟན་པ་སྤེལ།