རྩེ་བ་དགོན།

འབྲི་གུང་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་།
དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་གདན་གསུམ་གྱི་ཡ་གྱལ་རྩེ་བ་དགོན་པའམ་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་འདི་ཉིད་ནི་ཐོག་མར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྤྱི་ལོ་༦༥༠ཡས་མས་སུ་བཞེངས་པའི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་ཞེས་པ་དེ་ཡིན་ཅིང་རྗེས་སུ་རྗེ་ཉེར་གཉིས་པ་དང་། ཉེར་བརྒྱད་པ་གཉིས་ཀྱང་གནས་འདིར་བཞུགས་མྱོང་ཡོད་པ་དང་འབྲི་གུང་གདན་རབས་བཅུ་བདུན་པ་ཡང་འདིར་བཞུགས་ཏེ་རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས་དུས་འདའ་བར་མཛད་ཅིང་། གནས་འདི་ཉིད་སྤྱི་ལོ་༡༥༣༤ལོ་གདན་རབས་བཅུ་དགུ་བའི་སྐབས་སུ་བཙན་ཆ་སོགས་རྒྱ་བསྐྱེད་ནས། དེར་བརྟན་ཆགས་ཏེ། གཞི་ནས་ཕོ་བྲང་དུ་བསྒྱུར་བ་ཡིན། གདན་རབས་ཉི་ཤུ་པ་དང་། གདན་རབས་ཉེར་གཅིག་པ་ཡང་བཞུགས་གནས་གཙོ་བོ་གནས་འདི་ཉིད་དུ་མཛད་ཅིང་འབྲི་གུང་ཁྲི་སྐོར་གྱི་ལུགས་གཉིས་ཀྱི་ལྟེ་བར་གྱུར། གདན་རབས་ཉེར་གཉིས་པ་ཡང་སྐུ་ཚེ་གང་པོ་གནས་འདིར་བཞུགས་ཏེ་ཆོས་སྲིད་ཀྱི་བྱ་བ་རླབས་པོ་ཆེ་མཛད་དོ། །ལོ་ལྟར་བོད་ཟླ་གཉིས་པའི་ནང་དུ་རྩེ་སྒར་ཐེལ་གསུམ་གྱི་དགེ་འདུན་པ་རྣམ་གནས་འདིར་འདུས་ནས་ཆོས་ལུགས་ཀྱི་བྱེད་སྒོ་རྒྱ་ཆེན་པོ་སྤེལ་ཏེ། བཀའ་ཆོས་ཚོགས་པ་དང་། གར་འཆམ་སོགས་ཁྲབ་ཅིང་ཡོངས་སུ་གྲགས་པའི་འབྲི་གུང་སོས་གཏོར་ཆེན་མོ་ཡང་གནས་འདི་རུ་འཚོགས་ཀྱི་ཡོད། དེ་བཞིན་དུ་གདན་རབས་ཕྱི་མ་རྣམས་ཀྱང་གནས་འདིར་བཞུགས་ཏེ། ལུགས་གཉིས་ཀྱི་བྱ་བ་མཛད་སའི་ཕོ་བྲང་ཞིག་ཡིན། འདི་ཉིད་ནི་འབྲི་གུང་གི་གལ་གནས་ཆེ་བའི་གནས་ཞིག་ཡིན་ལ་གདན་རབས་རིམ་བྱོན་རྣམས་གསེར་ཁྲི་མངའ་གསོལ་སྐབས་ཐོག་མར་འདི་ནས་ཁྲི་གསོལ་མཛད་ཀྱི་ཡོད།
ཀུན་མཁྱེན་རིག་འཛིན་ཆོས་ཀྱི་གྲགས་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་འཁྲུངས་སའི་གནས་མཆོག་ཀྱང་ཡིན། མདོར་ན་གནས་འདི་ནི་དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་ལུགས་གཉིས་ལྟེ་གནས་ཤིག་ཡིན། ཀུན་མཁྱེན་རིག་འཛིན་ཆོས་ཀྱི་གྲགས་པའི་སྐུ་དུས་སུ་གནས་འདི་ན་བོད་ཀྱི་གསོ་བ་རིགས་པའི་སློབ་གྲྭ་བཙུགས་ཏེ་ཡོངས་སུ་གྲགས་པའི་འབྲི་གུང་གསོ་བ་རིག་པ་ཞེས་པ་དེ་ཡང་ཐོག་མར་གནས་འདི་ནས་བྱུང་བ་ཡིན། ད་ལྟ་ཡང་སླར་གསོ་ཆུང་ཆུང་ཞིག་ཐོབ་ནས་སྔར་གྱི་གོང་མ་རྣམ་པའི་ཕྱག་རྒྱུན་རྣམས་འཛིན་ཅིང་གནས་ཡོད་དོ། །

སྔར་གྱི་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་།
ཀུན་མཁྱེན་ཆོས་ཀྱི་གྲགས་པའི་འཁྲུངས་ཁང་ཤུལ།
ཀླུ་ལྡིངས་གཟིམ་ཆུང་།
ཀུན་མཁྱེན་ཆོས་ཀྱི་གྲགས་པའི་སྨན་གཞོང་།
རྩེ་བ་དགོན་གྱི་ནུབ་ངོས་ལྕགས་རིའི་ཤུལ།
ད་ལྟའི་གནས་སྟངས།