རྫོགས་ཆེན་དགེ་དགོན།

རྫོགས་ཆེན་དགེ་དགོན་ནི། བྱ་བཏང་ཐར་པ་རྒྱལ་མཚན་དང་འཇང་གྲྭ་སངས་རྒྱས་དཔལ་བཟང་མཁན་སློབ་ཟུང་གི་སྒྲུབ་གནས་དང་། ཆོས་རྒྱལ་ཁྲི་ལྡེའུ་རྣམ་འཕྲུལ་གཏེར་ཆེན་ངག་གི་རྡོ་རྗེ་གཏེར་གནས་དགོན་རྙིང་ནང་དུ་བསྟན་གཞི་སླར་གསོ་དང་འབྲེལ་ཏེ། ཡང་དར་བསྟན་པའི་ཤིང་རྟ་༧སྐྱབས་རྗེ་སངས་རྒྱས་བསྟན་འཛིན་གྱིས་སྤྱི་ལོ་༡༩༨༧ལོར་གཙུག་ལག་ཁང་བརྟེན་དང་རྟེན་པར་བཅས་པ་གསར་བཞེངས་མཛད། ཕྱོགས་སོ་སོ་ནས་བཙུན་མ་མང་དུ་འདུས། རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོར་ཀར་ལུགས་སྒྲུབ་གྲྭ་གཙུགས། སྒྲུབ་ཐེངས་གསུམ་སོང་བའི་སྒྲུབ་པ་གྲོལ་ལ་ཉེ་བའི་སྤྱི་ལོ་༢༠༠༠ལོར་སྒྲུབ་ཁང་ལ་རྐྱེན་ངན་བྱུང་། དགོན་གནས་སྤོ་བར་བཞེད་དེ་ཕྱོགས་སོ་སོར་ས་གཟིགས་པར་ཕེབས་པ་དང་དབང་གསུམ་ལྷ་ཡི་དཀྱིལ་འཁོར་དུ་གྲགས་པའི་རྫོགས་ཆེན་ནང་དུ་རྟེན་འབྲེལ་འགྲིག །ས་འདུལ་སོགས་ཐོག་མའི་བྱ་བ་རྣམས་༧སྐྱབས་རྗེ་སངས་རྒྱས་བསྟན་འཛིན་གྱིས་གནང་།སྙིང་ཐིག་ཡ་བཞིའི་དབང་དང་ཁྲིད་ཀྱིས་ཆོས་སྒོ་ཐོག་མའི་རྟེན་འབྲེལ་མཛད། ས་ཡི་མིང་གིས་རྫོགས་ཆེན་དགོན་ཞེས་དགོན་པའི་མཚན་དུ་ཆགས། སྒྲུབ་ཁང་གྲུབ་པ་དང་ཟབ་ལམ་ནཱ་རོ་ཆོས་དྲུག་ཉམས་ལེན་གནང་མཁན་གྱི་བཙུན་མ་རྣམས་བཅད་རྒྱར་བཞུགས། གཙུག་ལག་ཁང་ཕྱི་ནང་གི་བརྟེན་དང་རྟེན་པ་བཅས་པ་ལེགས་པར་གྲུབ་པ་དང་༧བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་དོན་ཡོད་མཆོག་ནས་རྩ་གསུམ་བདེ་གཤེགས་འདུས་པའི་ལྷ་ཁང་ཞེས་པའི་མཚན་གནང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག་ཏུ་གྲགས་པ་ཉི་ཟླ་ཕུག་པར་མཚམས་ཁང་བཞེངས། དུས་མཆོད་རྣམས་སྔར་སྲོལ་བཞིན་ཉམས་མེད་ཁར་བཤད་གྲྭ་གསར་བཞེངས་དང་འབྲེལ་བཙུན་མ་རྣམས་ཉམས་ལེན་ལ་བརྩོན་བཞིན་པའོ།།

རྫོགས་ཆེན་དགེ་དགོན་ལ་ཡོད་པའི་མཆོ་རྒྱལ་སྒྲུབ་ཕུག