གནས་བཟང་དགོན།

གནས་བཟང་དགོན་པ་ནི་འབྲི་ཟླ་ཟལ་མོ་སྒང་གི་ཁོངས་གཏོགས། སྒ་ཡུལ་ཨ་ཁྲོ་སྡེ་པའི་སྨད་ཕྱོགས་སུ་ཡོད་ལ། དགོན་པ་འདི་ནི་ཀརྨ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཡིན། དགོན་པ་འདི་ཕྱག་འདེབས་མཁས་ནི་བླ་མ་དམ་ཚིག་སྐུ་ཕྲེང་དང་པོ་ལྡི་ཆུང་སངས་རྒྱས་ཡིན་ལ། ཁོང་གིས་རབ་བྱུང་གསུམ་པའི་ནང་དུ་ཕྱག་བཏབ་པ་གྲགས། དགོན་གནས་འདིར་ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་ སི་ཏུ་རིན་པོ་ཆེ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། སངས་རྒྱས་མཉན་པ་རིན་པོ་ཆེ་སོགས་དམ་པ་མང་པོ་ཞབས་ཀྱི་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་ཁྱད་འཕགས་ཅན་ཡིན་ལ། དགོན་གནས་འདིར་བཞུགས་པའི་དགེ་རྒན་ཆོས་བསམ་གཙོས་པའི་མཁས་ཤིང་གྲུབ་པའི་དགེ་འདུན་པ་གྲངས་ལས་འདས་པ་ཡོད། དགོན་འདི་ཡི་སྤྲུལ་སྐུ་རྣམ་གཉིས་ཀྱི་སྐུ་ཕྲེང་རིམ་བྱོན་དང་དགེ་འདུན་པ་རྣམས་ཀྱི་སྒྲུབ་གནས་ཁྱད་འཕགས་ཅན་ནི་མི་འཛི་རྗོང་ཡིན་ཞིང་མི་འཛི་རྫོང་ཕྲོམ་ནི་གནས་བཟང་དགོན་པའི་གནས་རི་ཀུན་གྱི་གཙོ་བོ་ཡིན། དུས་འགྱུར་བའི་དབང་གིས་དགོན་པ་འདི་ལ་ཉམས་རྒུད་ཚབས་ཆེན་བྱུང་ཡང་ སྤྱི་ལོ༡༩༨༨ལོའི་ཟླ་བ༣པའི་ཚེས༨ཉིན་ཆོས་སྒོ་འབྱེད་པའི་ཆོག་མཆན་ཐོབ་པས། སྤྲུལ་སྐུ་རྣམ་གཉིས་དང་དགེ་རྒན་ཆོས་བསམ་དབུར་བཞུགས་པའི་དད་ལྡན་སེར་སྐྱ་ཕོ་མོ་ཐུན་མོང་གིས་ཉམས་གསོ་བྱས་པས། རྟེན་དང་བརྟེན་པར་བཅས་སྔ་ལས་ལྷག་པ་ལེགས་འགྲུབ་བྱུང་ཡོད་དོ། །