སྙེ་མོ་གྲོལ་བ་མཆོད་རྟེན་བཙུན་དགོན།

གྲོལ་བ་བཞི་ལྡན་གྱི་མཆོད་རྟེན་རིན་པོ་ཆེ་འདི་ནི། བོད་དད་པ་ཅན་དང་རྒྱ་འབྱོར་པ་ཅན་སུས་ཀྱང་མ་བསྐྲུན་པར་རྒྱལ་བ་རྣམས་ཀྱི་ཐུགས་བསྐྱེད་དང་སེམས་ཅན་གྱི་ཚོགས་ཟུང་སྨིན་པའི་མཐུ་ལས་མི་ལོ་སྟོང་ཕྲག་གི་ཡར་སྔོན་ནས་ས་འདིར་རང་བྱུང་དུ་འཁྲུངས་ནས་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་འགྱིང་ངེར་གནས་ནས་འགྲོ་བའི་དོན་མཛད། ཡང་མཆོད་རྟེན་ཆུང་ངུ་ཞིག་ཀྱང་འཚར་ལོངས་ཡོང་བཞིན་པའི་སྐབས་སུ་རབས་ཆད་ཅིག་གིས་རྐུབ་སྟེགས་བྱས་པས་འཚར་ལོངས་ཡོང་མ་ཐུབ་པ་རེད་ཅེས་གསུང་སྲོལ་ཡང་འདུག། གྲོལ་བ་མཆོད་རྟེན་དགོན་པ་ནི། རིག་གསར་གྱི་རྗེས་སུ་རི་མཚོ་གྲོང་ཚོའི་ཡུལ་མི་རྣམས་ཀྱི་སྐོམ་པ་ཆུ་འདོད་ཀྱི་རེ་བ་ལྟར་ཁྱིམ་ཚང་ལྔ་ཡིས་སྤྱི་ལོ་༡༩༨༢ ལོར་མ་ཎི་ལྷ་ཁང་ཆུང་ངུ་ཞིག་བཞེངས། སྔར་བསམ་གཏན་ཡང་རྩེའི་བཙུན་མ་ལྔ་ཡང་གནས་འདིར་ཕེབས་ནས་དགེ་སྦྱོར་གནང་བས་གོང་རིམ་སྲིད་གཞུང་གིས་སྤྱི་ལོ་༡༩༨༦ ལོར་སྔར་བསམ་གཏན་ཡང་རྩེ་དགོན་དེ་གནས་འདིར་སྤོ་ཆོག་པའི་ཆོག་མཆན་གནང་། དེ་རྗེས་མཁན་རིན་པོ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་གཟིགས་པ་བདག་སྐྱོང་ཚད་མེད་གནང་ནས་འཁྲུངས་ཡུལ་རི་མཚོ་རང་ནས་ཡིན་པའི་ཉིད་ཀྱི་སློབ་མ་སྤྱོད་ཡོན་གཉིས་ཀས་ཕྱུག་པའི་བཙུན་མ་སློབ་དཔོན་འཕྲིན་ལས་ཆོས་སྒྲོན་མཆོག་དགོན་པ་འདིའི་བླ་མར་བསྐོས། སློབ་དཔོན་ལགས་ཀྱིས་སྐུ་ལས་ཚད་མེད་བསྐྱོན་ནས་དགོན་པའི་ཕྱི་ནང་གསང་གསུམ་ཞིག་གསོ་དང་ལྷ་སའི་ཁུལ་གྱི་ལོ་གསུམ་ཕྱོགས་གསུམ་གྱི་བཙུན་མའི་སྒྲུབ་གྲྭ་དང་པོ་དེ་གསར་འཛུགས་གནང་ནས་༢༠༢༠བར་སྒྲུབ་ཐེངས་དགུ་ཙམ་གྲོལ། ད་ལྟའི་ཆར་ཡང་བཙུན་མ་སུམ་ཅུ་ལྷག་ཙམ་གྱིས་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཕྱག་བཞེས་ལྟར་རྩ་གསུམ་སྒྲུབ་མཆོད་དང་མཚན་ཉིད་ཀྱི་དཔེ་ཆ་སློབ་སྦྱོང་། ཆོས་དད་མང་ཚོགས་ཀྱི་རེ་འདོད་བསྐོང་བ་བཅས་ཀྱིས་དལ་འབྱོར་ལ་སྙིང་པོ་ལེན་བཞིན་མཆིས་སོ།།

དགོན་པ་འདི་ཡི་བྱང་ཕྱོགས་ཉི་དྲུང་གྲོང་ཚོའི་ཉེ་འགྲམ་དུ་རྗེ་དུས་གསུམ་མཁྱེན་པ་ལ་བདེ་མཆོག་གི་རྣལ་འབྱོར་མ་བཞི་མི་མོར་སྣང་བས་འཚོ་བ་དྲངས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་སའི་གནས་རྫིང་པོ་ཆེ་དང་རྒྱལ་ཚབ་སྐུ་ཕྲེང་རིམ་བྱོན་གྱི་མ་ཎི་གཞིས་ཀ་བཅས་མཇལ་རྒྱུ་ཡོད།

སྙེ་མོ་རྒ་འབུམ་དགོན།

སྙེ་མོ་རྒ་འབུམ་དགོན་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མར་རྐྱང་ཤང་ནས་བྱང་ཤར་མཚམས་སུ་སྤྱི་ལེ་གསུམ་ཙམ་གྱི་སར་རབ་བྱུང་གསུམ་པའི་ས་ཁྱི་ལོ་སྟེ་སྤྱི་ལོ་༡༡༧༨ལོར་བླ་མ་རྒ་ལོ་བས་ཕྱག་བཏབ། དགོན་འདིའི་མིང་ལ་རྒ་འབྲོང་དང་རྒ་འབུམ་ཞེས་ཁག་གཉིས་སུ་འབོད་སྲོལ་ཡོད་པ་ལས་དེ་ཡང་རྒ་འབྲོང་ཞེས་པ་ནི་བླ་མ་རྒ་ལོ་བ་ཁོང་གིས་འབྲོང་ཞིག་དེད་དེ་ཕེབས་སྐབས་ཁོང་གིས་འབྲོང་འདི་ས་ཆ་གང་དུ་ཉལ་བ་དེར་དགོན་པ་ཞིག་བཞེངས་དགོས་དགོངས་པ་ལྟར་ཕྱག་བཏབ་པར་གྲགས་པ་དང་། རྒ་འབུམ་ཞེས་པ་ནི་བླ་མ་ཁོང་གི་སྐུ་གདུང་འབུམ་པ་དེ་ཡང་གནས་དེ་གར་ཡོད་པས་རྒ་འབུམ་ཞེས་འབོད་པ་རེད་ཅེས་ཟེར་སྲོལ་འདུག དགོན་པ་ཕྱག་བཏབ་པའི་དུས་དེ་ནས་བཟུང་སྟེ་གནས་དེར་ཚོགས་པ་དང་རི་ཁྲོད་པ་བར་མ་ཆད་པ་བྱུང་བ་དང་། དེ་རྗེས་༧གཽ་ཤྲཱི་རྒྱལ་ཚབ་སྐུ་ཕྲེང་བདུན་པ་དཀོན་མཆོག་འོད་ཟེར་གྱི་སྐབས་དེ་ནས་བཟུང་སྟེ་མཚུར་ཕུ་ཆོས་སྒར་གོང་གི་དགོན་ལག་ཏུ་གྱུར་ནས་གྲྭ་གྲངས་སུམ་བརྒྱ་ལྷག་བྱུང་བ་རྣམས་སོག་པོའི་དམག་གིས་བཅོམ། དེའི་རྗེས་སུ་དགོན་པ་སླར་གསོ་སོགས་འཕེལ་སྒྲིབ་ལོ་རྒྱུས་ཀྱི་ཡིག་ཆ་རྣམས་རིག་གསར་སྐབས་མིང་གི་ལྷག་མར་གྱུར་ཟིན་པས་འདིར་བརྗོད་པར་དཀའ་ཡང་སྐབས་ཞིག་ལ་གཙང་སྟག་སྣའི་དགོན་ལག་བཙུན་མའི་དགོན་པ་ཡང་བྱེད་མྱོང་ཡོད་འདུག རིག་གསར་མཇུག་སྒྲིལ་ནས་བསྟན་པ་བསྐྱར་དར་གྱི་སྐབས་སུ་༧གཽ་ཤྲཱི་རྒྱལ་ཚབ་སྐུ་ཕྲེང་བཅུ་གཉིས་པ་གྲགས་པ་མི་འགྱུར་གོ་ཆ་མཆོག་གི་བཀའ་ལུང་གསེར་གྱི་ཅོད་པན་སྤྱི་བོར་བཅིངས་ཏེ་༧སྐྱབས་རྗེ་གཡུ་ལུང་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་ཀརྨ་བཟོད་པ་རྡོ་རྗེས་སྤྱི་ལོ་༡༩༨༦ལོར་དགོན་འདི་བསྐྱར་བཞེངས་གནང་ནས་ཕྱི་གཙུག་ལག་ཁང། ནང་སྐུ་གསུང་ཐུགས་རྟེན། གསང་བ་སྒྲུབ་མཆོད་སོགས་ཉམས་པ་སླར་གསོ་མཛད་ནས་ད་ལྟའི་ཆར་གདན་ས་མཚུར་ཕུ་ཆོས་སྒར་གོང་གི་ཐད་ཀའི་གཟིགས་སྐྱོང་འོག་དགེ་འདུན་པ་བཅུ་ཕྲག་གཉིས་ལྷག་ཙམ་གྱིས་མར་ལུགས་རྒྱུད་སྡེ་ཁག་གི་སྒྲུབ་མཆོད་དང་དཔེ་ཆ་སློབ་གཉེར་སོགས་བསྟན་འགྲོའི་དོན་ལ་བརྩོན་བཞིན་བཞུགས་སོ།།    

དགོན་པ་འདི་ཡི་ནུབ་ཕྱོགས་ཀྱི་ཐག་ཉེའི་ས་ན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འཁྲུངས་ས་ར་མང་ཁྱུང་པོ་ཚང་གི་ཁྱིམ་ཤུལ་ཡོད།  
མར་རྐྱང་ཡུལ་ཤོག་དང་ཉེ་བར་གྱ་པ་གངས་པས་ཕྱག་བཏབ་པའི་འབྲོང་བུ་དགོན་རྙིང་གི་ཤུལ་ཡང་མཇལ་རྒྱུ་ཡོད།

ལུང་མདོ་དགོན།

རི་འདུས་ལུང་མདོ་དགོན་ནི་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རི་འདུས་ཤང་རྒྱའུ་གྲོང་ཚོའི་ཁོངས་སུ་གནས་ཡོད་ལ། ལུང་མདོ་དགོན་པ་ནི་ཡུལ་མིང་དགོན་པར་ཐོགས། དེ་ནི་གཙང་སྟག་སྣ་དགོན་གྱི་དགོན་ལག་ཡིན་ཅིང་། སྟག་སྣ་སྐྱབས་མགོན་ནམ་ཏྲེ་ཧོ་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་བསྟན་འཛིན་འཇིགས་མེད་ཆོས་དབྱིངས་མཆོག་གིས་ཕྱི་ལོ་༡༩༩༢ལོར་ཕྱག་བཏབ་གནང་། ད་བར་མི་ལོ་ཉི་ཤུ་ལྷག་ཙམ་གྱི་ལོ་རྒྱུས་ལྡན། ཆོས་བརྒྱུད་ནི་ཀརྨ་བཀའ་བརྒྱུད་ཡིན།

འཇང་བཀྲ་ཤིས་བསྟན་འཕེལ་གླིང༌།

བཀྲ་ཤིས་བསྟན་འཕེལ་གླིང་ཞེས་གྲགས། ཕྱི་རྒྱལ་པ་སྤྲུལ་ཆེན་དམ་པའམ་ཕ་དམ་པ་སངས་རྒྱས་ཡིན་ལ་གནས་འདིར་ཕ་དམ་པའི་གནས་ཞེས་གྲགས། དགོན་པ་འདིའི་སྔར་གནས་ཡུལ་ནི་ཆིན་ཁང་ཤི་གོང་མའི་སྲིད་ལོ་༢་པ་སྟེ་སྤྱི་ལ་༡༧༣༧ ལོར་འཛུགས་བསྐྲུན་བྱེད་པ། མིན་གོའི་སྲིད་ལོ་༢༢་པའི་སྔ་རྗེས་སུ་སླར་བཟོ་ཆེན་པོ་ཐེངས་གཅིག་བྱས། སྔོན་གྱི་ས་གནས་ནི་ད་ལྟའི་མཐའ་ཆད་གྲོང་གི་ཆི་བྷལ་གྲོང་སྡེའི་ཨ་སྔོན་ནང་ཞེས་པའི་སྡེ་བ་སྟེར་ཡོད། ངག་རྒྱུན་དུ་དགོན་པ་འཛུགས་མཁན་ནི་འཇང་རིགས་ཀྱི་བླ་མ་སྐྱེས་ཆེན་ཞིག་ཡིན་པར་གྲགས། དམ་པའི་བྲག་ཕུག་གི་སྒོམ་སྒྲུབ་ལ་སྲོལ་གཏོད་དམ་པ་དང་ཡུལ་དེའི་ཆོས་འབྲེལ་ལ་བརྟེན་ནས་དགོན་པ་ཞིག་བཙུགས་ཏེ་སྲོལ་གཏོད་དམ་པ་ལ་མཆོད་པ་ཕུལ་བས། ས་གནས་དེའི་འཇང་རིགས་ཀྱི་དད་ལྡན་མང་ཚོགས་ལ་སྐྱབས་འཇུག་ཞུ་ས་ཡོད་པ་དང༌། དགོན་པའི་གྲྭ་པ་མང་ཆེ་བ་ནི་ཉེ་འགྲམ་ས་ཁུལ་གྱི་འཇང་རིགས་ཡིན། དེ་རྗེས་སྤྲུལ་སྐུ་སྐུ་ཕྲེང་དང་པོ་དང་ས་གནས་དེའི་དམིགས་ཡུལ་གྱི་རོགས་རམ་བྱས་ནས་དགོན་པ་འདི་མུ་མཐུད་དུ་རྒྱ་བསྐྱེད་པ་དང༌། དགོན་པ་འདི་ནི་འཇང་ཡུལ་ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེ་ཆེན་པོ་བཅུ་གསུམ་གྱི་ནང་ན་ཡོད། ༡༩༥༦ལོ་ནང་། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་གྲྭ་པ་ཐོར་ཞིག་ཏུ་སོང༌། དགོན་པའི་ཁང་པ་ལ་ཨ་སྔོན་ནང་གི་གྲོང་མི་རྣམས་ལ་བགོས་ནས་སྡོད་དུ་བཅུག །༡༩༨༠་ལོར། རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་སླར་གསོ་བྱས་རྗེས། སྐབས་དེར་དགོན་པ་སླར་གསོ་བྱས་མེད་པས། དགོན་པར་ལོག་པའི་གྲྭ་པ་ཉུང་ཤས་ཤིག་དམ་པའི་བྲག་ཕུག་ཏུ་ཟླ་སྒྲིལ་བཏང༌། ༡༩༩༨ལོར་ཤར་ནོར་དྲུང་པ་ཧོ་ཐོག་ཐུ་སྐུ་ཕྲེང་བཅུ་བདུན་པས་མ་དངུལ་ཁག་གཅིག་གྲབས་གསོག་བྱས་ནས་སླར་ཡང་དགོན་པ་གསར་བསྐྲུན་བྱས་པ་རེད། ༢༠༠༨ལོའི་བར་དུ་དགོན་པའི་འདུ་ཁང་དང་གྲྭ་ཤག་རྩ་བའི་ཆ་ནས་བསྐྲུན་ཚར། དགོན་པའི་འཛུགས་བསྐྲུན་གྱི་རྣམ་པ་ནི་ར་སྐོར་བཞིན་ཡིན་པ་དང་འཛུགས་བསྐྲུན་གྱི་རྣམ་པ་ལ་རྒྱ་རིགས་དང་འཇང་རིགས། པའེ་རིགས་བཅས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་མ་ཚད་ས་ཤིང་གི་སྒྲིག་གཞི་སྤྱད་པ། འདུ་ཁང་ནི་དཀྱིལ་མཁར་མཁར་གྱི་རྣམ་པ་ཡིན་ལ་མཐོ་ཞིང་ཆེ་བའི་གྱང་ཡང་མེད་དེ་རྩེ་ལ་ཕྱེ་ཡོད་པའི་ཉི་གཡབ་ཡོད་པ་དང༌། ཕྱི་ནང་སྡོམ་གྱི་མདའ་གཡབ་ཁེབས་པ་ཆག །དགོན་པའི་ནང་གྲྭ་ཤག་༡༠ལྷག་ཙམ་ཡོད་པ་དང༌། དུས་རྒྱུན་མཆོད་མཇལ་དད་ལྡན་མང་ཚོགས་ཞག་སྡོད་བྱས་པ་ཡོད། ༢༠༡༠ ལོར་ དྲུང་པ་སྤྲུལ་སྐུ་དང་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཀརྨ་བདེ་ཆེན་དང་། འབའ་ལུང་རྫོང་སྲིད་གཞུང་འགྲིམ་འགྲུལ་སྡེ་ཚན་སོགས་ཕྱོགས་མང་པོའི་འཐད་ནས་འབད་བརྩོན་གྱིས་གཞུང་ལམ་གསར་བསྐྲུན་གྱི་བྱེད་སྒོ་སྤེལ་ཏེ། གྲྭ་དམངས་ཀྱིས་མཆོད་འབུལ་བྱེད་པར་སྟབས་བདེར་གྱུར། ༢༠༢༠ ལོར་དམ་པ་སངས་རྒྱས་ཀྱི་ལྷ་ཁང་བསྐྱར་བསྐྲུན་བྱེད་པ་ནས་ལྷ་ཁང་ནང་དུ་ཕ་དམ་པ་སངས་རྒྱས་ཀྱི་སྐུ་ཡང་བཞུགས། དེང་སྐབས་དགོན་པའི་ནང་དུ་དགེ་འདུན་མི་ཉུང་བ་བཞུགས་པ་ལས་དགེ་འདུན་གཞོན་པ་རྣམས་ནི་འཇང་ས་ཐམ་གྱི་གསང་སྔགས་དགའ་ཚལ་གླིང་དགོན་དང། ཀརྨ་རྣམ་རྒྱལ་གླིང་དགོན་པར་སློབ་པ་སློབ་གཉེར་ཆེད་དུ་འགྲོ་བསྐྱོད་གནང་ཏེ་བསྟན་པ་ཉམས་པ་སླར་གསོ་མི་ཉམས་གོང་འཕེལ་མཛད་བཞིན་པ་ལགས་སོ།།

བདེ་མོ་དགོན།

༈ དཔལ་བདེ་དགོན་བཀྲ་ཤིས་ཆོས་གླིང་གི་ངོ་སྤྲོད།

དགོན་འདི་ཉིད་དྲུང་རྨ་སེའི་རྣམ་འཕྲུལ་དུ་བསྔགས་པ་ངེས་དོན་གྲུབ་པའི་དབང་ཕྱུག་ཚང་གསར་ངག་དབང་རྣམ་རྒྱལ་གྱིས་རྟེན་འབྲེལ་ལེགས་ཚོགས་དུ་མ་ལ་བསྟེན་ནས་སྤྱི་ལོ་༡༧༢༤ལོར་ཕྱག་བཏབ་མཛད་ཅིང་། དགོན་པའི་མཚན་ལ་༼དཔལ་ཚང་གསར་བདེ་མོ་དགོན་བཀྲ་ཤིས་ཆོས་གླིང་།༽ཞེས་གསོལ་ཞིང་།   འབའ་རོམ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཡིན།  དགོན་པ་འདི་ཕྱག་བཏབ་ནས་ད་ལྟའི་བར་ལོ་སུམ་བརྒྱ་མ་ཟིན་ཙམ་སོང་ཡོད། དགོན་པ་འདི་ཐོག་མར་ཕྱག་འདེབས་མཁན་བླ་རབས་དང་པོ་ཚང་གསར་༧ངག་དབང་རྣམ་རྒྱལ་གྱི་སྐུ་དུས་སུ་འདུ་ཁང་ཀ་དགུ་མ་དང་། ཇ་ཁང་། མགོན་ཁང་བཅས་ཆ་ཚང་དང་གྲྭ་ཤག་གྲངས་སུམ་ཅུ་ནང་བཅས་རྟེན་དང་བརྟེན་པ་བཞེངས་གནང་ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས་ལེགས་པར་བསྐྱངས།  དེ་བཞིན་གདན་འཛིན་རིམ་པས་དར་རྒྱས་སུ་མཛད་ཕྲིན་བསྐྱངས། དུས་གྱུར་སྐབས་ཉམས་ཆགས་སུ་ཕྱིན་པའི་དགོན་གནས་འདི་ཉིད་རྣམ་རྒྱལ་སྐུ་ཕྲེང་ལྔ་པ་ ༸ སྐྱབས་རྗེ་སངས་རྒྱས་གྲགས་པ་རིན་པོ་ཆེ་མཆོག་དང་༸ སྤོ་ར་སྤྲུལ་སྐུ་ལུང་རྟོགས་བསྟན་པའི་རྒྱལ་མཚན་རྣམ་གཉིས་ཐུགས་སྟོབས་གཅིག་སྦྲེལ་གྱིས་ཕྱག་ལས་གནང་སྟེ་རྟེན་དང་བརྟེན་པར་བཅས་པ་བསྐྱར་བཞེངས་དང་བཤད་སྒྲུབ་ཀྱི་སྡེ་གསར་དུ་གཙུགས་ཏེ། ད་ལྟའི་ཆར་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་མཛད་པ་བཤད་པའི་སྡེ། ལམ་བསླབ་པ་གསུམ་ལ་ཉམས་ལེན་གནང་བ་སྒོམ་པའི་སྡེ། ཡི་དམ་གྱི་བསྙེན་ཚད་འཇོག་པ་སྒྲུབ་པའི་སྡེ། རྒྱ་བོད་ཀྱི་ཡིག་རིགས་སྦྱང་བ་རྨང་གཞིའི་སྡེ་གཅས་ཀྱིས་རྒྱལ་བསྟན་མི་ནུབ་པའི་རྒྱལ་མཚན་ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་རྒྱས་ཕྱིར་ཉིན་མཚན་དབྱེར་མེད་དུ་འབད་བཞིན་པ་ལགས།
གཞན་ཡང་དགོན་པའི་མདུན་ཕྱོགས་སུ་སྔོན་གཏེར་ཆེན་མཆོག་གྱུར་གླིང་པས་གནས་ཞལ་ཕྱེས་ཤིང་བྱིན་རླབས་མཛད་པའི་གནས་མཆོག་མཚོ་གླང་བྲག་དཀར་ཞེས་གནས་རི་བཀའ་རྟགས་རང་བྱོན་གྱིས་མཚན་པ་ཅན་ཞིག་ཡང་བཞུགས་ཡོད།