ཚ་བ་སྒྲོལ་མ་ལྷ་ཁང་།

ཚ་བ་སྒྲོལ་མ་ལྷ་ཁང་དགོན་པ་ཐུབ་བསྟན་འཕེལ་རྒྱས་གླིང་།

དེའང་བོད་གངས་ཅན་གྱི་ཡུལ་གྲུ་ལ་ས་ཚིགས་ཀྱི་དབང་དུ་བྱས་ན་ཆོལ་ཁ་གསུམ་ལས་མདོ་སྟོད་མི་ཡི་ཆོལ་ཁ། སྒང་དྲུག་གི་ནང་ནས་རྒྱལ་མོ་རྔུལ་ཆུ་དང་རྫ་ཆུའི་བར་དུ་ཆགས་པའི་ལྷོ་ཚ་བ་སྒང་གི་སྟོད་ཀྱི་ཆར། དཔལ་གྱི་གནས་མཆོག་ཙཱ་རི་ཏྲ་ཡི་གནས་ལག་ཚ་བའི་གནས་ཆེན་སྐུ་ལྷ་ངང་ཡག་གི་ནང་གནས་སྒྲོལ་མ་བྲག་ཅེས་པ་གུ་རུ་པདྨ་འབྱུང་གནས་ཞབས་དངོས་སུ་བཅགས་ནས་ཨོ་རྒྱན་སྒྲུབ་ཕུག་ཆོས་དབྱིངས་ནམ་མཁའ་མཛོད་དུ་ཉིན་བདུན་སྒྲུབ་པ་མཛད་ནས་བཞུགས་པས་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་ཞལ་གཟིགས་པའི་གནས་ཁྱད་པར་ཅན་གྱི་འདབས་རོལ་དུ་དུས་རབས་བཅུ་གཉིས་པའི་ནང་གྲུབ་ཐོབ་ཉག་རེ་སེ་བོའི་སྐུ་དུས་ནས་བཟུང་རི་ཁྲོད་ཡོད་པར་གྲགས་ཤིང་། ཕྱིས་སུ་འབྲུག་པ་རྒྱལ་དབང་བདེ་ཆེན་རྡོ་རྗེས་བོད་རབ་བྱུང་བཅུ་པའི་ནང་དགོན་ས་བཏབ། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཆོས་བརྒྱུད་འཛིན་པའི་དགོན་པ་འདི་ཉིད་སྔར་གྱི་དུས་སུ་གྲྭ་ཚང་ལྔ་བརྒྱ་ཙམ་བྱུང་ནས་བཤད་དང་སྒྲུབ་པའི་ཉམས་བཞེས་རྒྱ་ཆེན་པོ་བྱུང་ཡོད་པ་དང་། བར་སྐབས་སུ་དུས་ཀྱི་འཕོ་འགྱུར་སྣ་ཚོགས་ཀྱིས་དར་གུད་ཅི་རིགས་བྱུང་། ཕྱིས་སུ་ཨ་དཀོན་སྤྲུལ་སྐུ་ཀརྨ་བཤད་སྒྲུབ་མཆོག་དང་ཞེ་ཆེན་ཀོང་སྤྲུལ་མདོ་སྔགས་བསྟན་པའི་རྒྱལ་མཚན་རྣམ་གཉིས་ཀྱི་བདག་རྐྱེན་གཟིགས་པ་ལ་བརྟེན་ནས་དགོན་པ་བསྐྱར་བཞེངས་དང་བཤད་སྒྲུབ་ཀྱི་སྡེ་བསྐྱར་གསོ་བྱས་ནས་ད་ཆར་བཀའ་བརྒྱུད་རང་ལུགས་ཀྱི་མདོ་སྔགས་གཞུང་ཆེན་ཁག་འཆད་ཉན་བྱེད་པའི་བཤད་གྲྭ་དང་། ཕྱག་ཆེན་དང་ཆོས་དྲུག་ཉམས་བཞེས་གནང་བའི་སྒྲུབ་གྲྭ་སོགས་མ་ལག་ཆ་ཚང་བའི་ཆོས་སྡེ་ཞིག་གོ།།
དགོན་པ་འདི་ཉིད་ད་ལྟའི་གནས་ཡུལ་ནི།
བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཀོ་ཆེན་ཡུལ་ཤོག་གི་ཁོངས་སུ་མཚོ་འཕགས་རྨིས་༤༥༠༠ཙམ་གྱི་ས་ལ་གནས་ཡོད།