ལོ་བོ་བདེ་ཆེན་དགོན།

ལོ་བོ་བདེ་ཆེན་ཆོས་འཁོར་གླིང་ནི་བོད་རང་སྐྱོང་ལྗོངས། མངའ་རིས་ས་ཁུལ། སྒེར་རྩེ་རྫོང་། དུང་མཚོ་ཤངས། ལོ་བོ་ཞེས་པའི་ས་གནས་སུ་ཆགས་ཤིང་། གནས་དེར་སྒྲུབ་ཕུག་མང་དུ་ཡོད་པའི་བྱིན་་རླབས་ཆེ་བའི་ལོ་བོ་བདེ་ཆེན་ཕུག་ཅེས། ཡུལ་མི་རྣསས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་ཡང་ཡིན་ལ་ཕྱིས་སུ་དགོན་པའི་མིང་ཡང་དེ་ལྟར་ཐོགས།
སྔོན་ཞང་ཞུང་གི་སྐབས་སུ་གནས་དེར་སྒྲུབ་པ་ཉམས་ལེན་གནང་ས་དང་། དུས་འགྱུར་མ་བྱུང་གོང་ཕྱི་ལོ་༡༩༣༣ ལོར་མཚུར་ཕུ་ཟུ་རུ་མཁན་ཆེན་ལུང་རིགས་རྒྱལ་མཚན་དང་། གཞན་ཡང་སྔ་ཕྱིར་གནས་དེར་མཚམས་ལ་བཞུགས་པ་བླ་མ་མང་དུ་བྱོན།
ཕྱི་ལོ་༡༩༤༢ ལོར་ཧ་སག་ཇག་འཁྱམས་ཀྱིས་རྩ་གཏོར་ཟིན་ནས་ལོ་ཤས་རིང་ཕུག་པ་དེར་བཞུགས་མཁན་བྱུང་མེད། ཕྱི་ལོ་༡༩༥༤ ལོར་ཉམས་གསོ་ཕྲན་བུ་བྱས་ནས་མཚུར་ཕུ་ཟུ་རུ་བླ་མ་ཀརྨ་ཐུབ་བསྟན་ལོ་ངོ་གཉིས་ཙམ་བཞུགས། དེ་རྗེས་ཕྱི་ལོ་༡༩༥༨ ནས་༡༩༥༩ སྨན་པ་ཀརྨ་ཚུལ་ཁྲིམས་གནས་དེར་བཞུགས་ནས་སྔོན་འགྲོ་བསགས་སྦྱང་སོགས་དང་གཞན་ལ་དགེ་བསྐུལ་སོགས་་ཀྱང་མཛད།
རིག་གནས་གསར་བརྗེའི་སྐབས་སྤྱི་མཚུངས་ལྟར་གནས་དེ་ཡང་རྨིང་མེད་དུ་བཤིགས་ནས། ཕྱི་ལོ་༡༩༨༨ ལོར་སླར་ཡང་སྨན་པ་ཀརྨ་ཚུལ་ཁྲིམས་ཀྱིས་མཚམས་ཕུག་ཉམས་གསོ་དང་ལྷ་ཁང་གསར་བཞེངས་དེ་བཞིན་་སྨན་ཁང་ཞིག་ཀྱང་རྒྱབ་ཡོད།
ཕྱི་ལོ་༡༩༩༣ ལོར་རུམ་བཏེག་བླ་མ་ཀརྨ་འཕྲིན་ལས་གཞི་གྲུབ་ཁོང་། ལོ་བོ་དགོན་པར་ཕེབས་ནས་དགོན་པའི་བླ་མ་གནངབ་དང་། ལོ་དེར་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་ཡང་ཕེབས་ནས་དབང་ལུང་དང་ཆོས་འབྲེལ་སོགས་ཀྱང་མཛད།
ཕྱི་ལོ་༢༠༠༡ ནས་བཟུང་འབུར་དཀར་དགོན་པའི་སྒྲུབ་ཁང་ནས་ཐོན་པའི་བླ་མ་ཀརྨ་བཟོད་པ་ཕེབས་ནས་འདུ་ཁང་རྙིང་པ་ཉམས་གསོ་དང་འདུ་ཁང་གསར་པ་བཞེངས་ནས་རང་ལུགས་ཀམ་ཚང་གི་ཆོ་ག་ཕྱག་ལེན་དང་། བསླབ་པ་སློབ་གཉེར་རྒྱུན་ལྡན་གནང་བཞིན་པ་བཅས།