མགུའི་བཤད་སྒྲུབ་ཐུབ་བསྟན་ཀུན་གསལ་གླིང་།

མགུའི་བཤད་སྒྲུབ་ཐུབ་བསྟན་ཀུན་གསལ་གླིང་ནི་ཕྱི་ལོ ༡༤༦༥ལོར་ གྲུབ་ཆེན་དམ་པ་ཚུལ་ཁྲིམས་འོད་ཟེར་གྱིས་ཕྱག་བཏབ། ས་གནས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་བཞི་དབུས་ཡུལ་ཚོའི་མངའ་ཁོངས་སུ་ཡོད། སྤྱི་ཚོགས་རྙིང་པའི་སྐབས་མགུའི་སྤྲུལ་སྐུ་སྐུ་ཕྲེང་བཅུ་གསུམ་པ་གཙོས་མཁས་གྲུབ་དུ་མ་བྱོན་ཅིང་བསྟན་པ་ཡང་དར་སྐབས་མཁན་འཇིགས་རྣམ་སོགས་འགའ་མ་གཏོགས་ལྷག་མེད། མཁན་ཆེན་ཁོང་ནི་རིག་པའི་གནས་ཀུན་ལ་མཁས་ཤིང་། ལྕང་མ་རི་ཁྲོད་དུ་ཐུབ་དགའ་ཡིད་བཞིན་ནོར་བུར་བསྟེན་ཅིང་ཆོས་རྗེ་འཇིགས་མེད་ཕུན་ཚོགས་དང་ཨ་རིག་པདྨ་ཚེ་དབང་སོགས་ཀྱི་མཆེད་གྲོགས་ཡིན། གསུང་ཆོས་ཀྱང་དུ་མ་མཆིས། ད་ལྟ་མཇལ་དུ་ཡོད་པ་སྡོམ་གསུམ་འགྲེལ་བ་སོགས་བཞུགས། རིག་གནས་གསར་རྗེ་ཆེན་མོའི་སྐབས་བོད་ཁམས་སྤྱི་ལྟར་ཆོས་གཞིས་འདི་ཉིད་རྩ་གཏོར་དུ་ཕྱིན་རྗེས་སླར་ཡང་སྤྱི་ལོ ༡༩༨༡ལོོར་མཁན་འཇིགས་རྣམ་དང་། ངག་དབང་ཕུན་ཚོགས། དཀོན་མཆོག་ཆོས་དབང་། གཟུགས་བཟང་རྣམ་རྒྱལ་སོགས་དགོན་འདིའི་གྲྭ་པ་རྒན་པ་རྣམས་ཀྱི་གཙོས་སྡེ་དགོན་གཉིས་ཆར་ནས་ཆོས་གཞིས་འདིའི་ཆོས་སྤྱོད་ཕྱག་ལེན་རྟེན་བཞེངས་དང་བཅས་པ་སླར་གསོ་མཛད་ཅིང་བཀའ་དྲིན་བླ་ན་མེད་པར་བསྐྱངས། མཁན་ཆེན་ཁོང་གིས་རྒྱུན་པར་སློབ་ཚོགས་ཡོངས་ལ། སྤྱོད་འཇུག་དང་སྡོམ་གསུམ། རྒྱུད་བླ་མ། ཀ་རི་ཀ། ཚད་མ། སྨན་རྩིས། ལྷ་རིས་སོགས་ཁྲིད་གནང་བས་དུས་ད་ལྟའི་བར་དུ་རྒྱུན་འཛིན་པའང་ཡོད་དོ།། མགུའི་སྤྲུལ་སྐུ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ལྷ་རྒྱལ་ཚེ་རིང་མཆོག་གིས་སྤྱི་ལོ ༢༠༠༢ ལོར་ན་རོ་ཆོས་སྒྲུབ་ཀྱི་སྒྲུབ་ཁང་དབུ་བཙུགས་པ་ནས་བཟུང་དགེ་འདུན་བདུན་རེས་ལོ་གསུམ་ཟླ་གསུམ་གྱི་ཡུན་རྒྱུན་པར་སྒྲུབ་པ་ལ་འབད་ཀྱིན་ཡོད། གཞན་ཡང་གཤིན་རྗེ་སྒྲུབ་ཁང་དང་ཨ་ཕྱི་སྒྲུབ་ཁང་སོགས་ཀྱང་ཡོད་དོ།།

མགུའི་དགོན་པའི་གཙུག་ལག་ཁང་།
མགུའི་དགོན་པའི་ནཱ་རོ་སྒྲུབ་ཁང་ལྔ་ལྡན་ཉི་ཟླ་གླིང་།
མགུའི་དགོན་པའི་གནས་མཆོག་མ་མོ་རི་ཁྲོད།