སྐྱོ་བྲག་དགོན།

སྐྱོ་བྲག་དགོན་གྱི་ངོ་སྤྲོད་རག་བསྡུས།

འབའ་རོམ་བཀའ་བརྒྱུད་ཀྱི་གདན་ས་གསུམ་པ་ཁམས་སྟོད་སྐྱོ་བྲག་དགོན་ནི་ཕྱི་ལོ་༡༣༠༠སྨད་ཙམ་ལ་ལྷ་རས་པ་བརྩོན་འགྲུས་དཔལ་གྱི་དངོས་སློབ་གླང་རས་གྲགས་པ་རྒྱལ་མཚན་མཆོག་ནས་རྟགས་དང་མཚན་མ་མང་པོའི་རྐྱེན་བྱས་སྐྱོ་བྲག་དབུ་རྩེ་རུ་ཕྱག་བཏབ། ཆོས་རྗེ་བསོད་ནམས་བཟང་པོ་སོགས་ཡོངས་གྲགས་ཀྱི་འཕུར་ཤེས་བཅུ་གསུམ་ཞེས་གྲུབ་པ་ཆེན་པོའི་རྒྱལ་སར་གཤེགས་པའི་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་ལྟར་བྱོན་ཏེ་འབའ་རོམ་བཀའ་བརྒྱུད་ཀྱི་རིང་ལུགས་དྲི་མ་མེད་པ་བསྐྱངས། དུས་ཕྱིས་ཁར་པའི་ཚོགས་གཉིས་འོད་ཟེར་མཆོག་ནས་གདན་ས་དཔལ་རི་ཞོལ་དུ་སྤལ་ཏེ་ལྷ་ཁང་གསར་བཞེངས་གནང་བ་སོགས་མཛད་ཅེས་ཡོངས་སུ་གྲགས། ཕྱི་ལོ་དྲུག་བརྒྱ་ཡས་མས་ནས་སྤྲུལ་བརྒྱུད་ཀྱིས་བསྟན་པ་བཟུང་བའི་དབུ་ཚུགས་ཏེ་འདྲེན་མཆོག་གསལ་བསྟན་དུང་གསུམ་ཞེས་ཡོངས་གྲགས་ཀྱི་བླ་མ་རྣམ་གསུམ་གྱིས་བསྟན་པའི་འགན་བཞེས་ཏེ་ད་བར་གདན་ས་འདི་རུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཆད་བརྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་གནང་སྟེ་གནས། རིག་གནས་གསར་བརྗེ་ཆེན་མོའི་སྐབས་དགོན་སྡེ་ཀུན་ལས་དབང་གཅིག་མཚུངས་ཀྱིས་ཉམས་གུད་ཆེན་པོ་ཕྱིན་རུང་། ཕྱི་ལོ་༡༩༨༠ཐམ་པའི་ལོ་ནས་བཟུང་སྐྱོ་བྲག་དུང་དཀར་རིན་པོ་ཆེ་དང་གསལ་བྱེད་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུ་ཁྲིད་འོག་བླ་རྒན་ཡེ་ཤེས་རབ་རྒྱས་སོགས་འབྲེལ་ཡོད་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་རྣམས་ཀྱིས་ས་ར་གྲུ་འདེགས་ཀྱི་ཚུལ་གྱིས་སླར་གསོ་གནང་ཞིང་སྤྲུལ་སྐུ་ཚོགས་གཉིས་འོད་ཟེར་གཙོས་འབྲེལ་ཡོད་མཁན་སྤྲུལ་རྣམས་ཀྱིས་ལྷ་ཁང་གསར་བཞེངས་སོགས་བསྟན་པའི་ཞབས་འདེགས་སུ་འགྲོ་བར་ངེས་པའི་ཕྱག་ལས་གང་མང་གནང་བའི་བདག་རྐྱེན་ལ་བརྟེན་ད་སྐབས་གདན་ས་འདི་རུ་འབའ་རོམ་སྒྲུབ་ཁང་གཙོས་པའི་སྒྲུབ་ཁང་ཁག་དྲུག ཚོགས་ཆེན་འདུ་ཁང་གསར་རྙིང་གཉིས། གཙོ་ཁང་། རས་ཆེན་ལྷ་ཁང་། རྒྱུད་སྡེ་གྲྭ་ཚང་ལ་སྲས་མཁར་དགུ་ཐོག བཤད་པ་གྲྭ་ཚང་ལ་ཐོག་འོག་གཉིས། སྨ་པ་གྲྭ་ཚང་། ཆོ་ག་གྲྭ་ཚང་སོགས་གྲྭ་ཚང་ཁག་བཞི། འབའ་རོམ་སྨོན་ལམ་ཆེན་མོ་གཙོས་པའི་དུས་མཆོད་ཉིན་བརྒྱ་ལྷག་བཅས་ཕྱི་བསྟན་གཞི་གཙུག་ལག་ཁང་དང་ནང་བསྟན་རྩ་དགེ་འདུན་འདུས་པའི་སྡེ་སོགས་གང་ཐད་ནས་དར་རྒྱས་སུ་འགྲོ་བཞིན་གནས་པ་འདིའོ།།

སྐྱོ་བྲག་དགོན་གྱི་སྒྲུབ་སྡེ་དང་གནས་ཀྱི་སྐོར་ལ།