རྫ་ཀརྨ་འབྲུག་གྲགས་དགོན།

རྫ་ཀརྨ་འབྲུག་གྲགས་དགོན་པ་ནི་སྡེ་དགེའི་མངའ་ཁོངས་ཀྱི་རྫ་ཆུ་སྔོན་མོའི་གཡས་ཟུར་གྱི་ནོར་མ་སྡེ་པར་ཡོད།
ལྷ་སྡེ་འདི་ནི་དཔལ་སྤུངས་གདན་སའི་ནོར་མ་ཡིན་པས། སྔོན་འདིར་གདན་ས་ནས་བླ་བསྐོས་རེ་དང་སྐུ་ཚབ་རེ་བཅས་གཏོང་སྲོལ་ཡོད། སྐབས་དེར་བླ་བསྐོས་བཞུགས་སའི་ཁང་པ་ཆུང་ངུ་ཞིག་ལས་ལྷ་ཁང་སོགས་གང་ཡང་མེད་པས་ཆོས་ལུགས་ཀྱི་མཛད་སྒོ་ཆེ་ཕྲ་ཅི་རིགས་སྦྲ་གུར་དུ་སྤེལ་དགོས། སི་ཏུ་པདྨ་དབང་མཆོག་རྒྱལ་པོ་གནས་འདིར་ཕེབས་ཚེ་འབྲུག་གྲགས་པ་དང་རྟེན་འབྲེལ་ལེགས་པའི་རྟགས་མཚན་ཤིན་ཏུ་བྱུང་ནས་རྫ་ཀརྨ་འབྲུག་གྲགས་དགོན་ཞེས་མཚན་དང་བཅས་དགོན་གནས་ཀྱི་རྣམ་པར་བསྒྱུར། བསྟན་པ་ཡང་དར་གྱི་སྐབས་སུ་སྔོན་གྱི་ལུགས་ལྟར་གདན་ས་ནས་བླ་བསྐོས་རེ་བཏང་ནས་དགོན་འདིའི་བསྟན་དོན་གཟིགས་སྐྱོང་གནང་བཞིན་ཡོད་ལ། ལྷག་པར་དུ་གདན་ས་ནས་བཏང་བའི་བླ་བསྐོས་བླ་མ་ཀུན་དགའ་བཟང་པོས་ལོ་བཅུ་གཉིས་ལྷག་གི་རིང་དུ་བསྟན་དགོན་འདིར་གཟིགས་སྐྱོང་གནང་བ་དང་། བྱམས་མགོན་བླ་མའི་དགོངས་བཞེད་བཞིན་གཙུག་ལག་ཁང་གསར་པ་ཆེ་ཞིང་ལེགས་པ་ཕྱི་ནང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་གྲུབ་མཛད། དགོན་འདིར་སྔ་རྗེས་སུ་བཞེངས་པའི་ལྷ་ཁང་གསར་རྙིང་གསུམ་དང་སློབ་གླིང་གཅིག །སློབ་གླིང་དུ་རྗེས་སུ་སྒྲུབ་ཁང་གཟུགས་རྩིས་དང་གཞན་གྲྭ་ཁང་ཉི་ཤུ་ཙམ་ཡོད་ཅིང་། གདན་ས་ནས་བཏང་བའི་བླ་བསྐོས་གཅིག་དང་གྲྭ་པ་བཞི་བཅུ་ལྷག་གིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་མཆིས་སོ། །