བྲག་སྐྱ་དགོན།

སྟོད་མངའ་རིས་དགེ་རྒྱས་བྲག་སྐྱ་དགོན།
བྲག་སྐྱ་དགོན་ཀརྨ་སྒྲུབ་བརྒྱུད་དར་རྒྱས་གླིང་ནི། མངའ་རིས་དགེ་རྒྱས་འབྲོང་པ་ཚོ་གསུམ་གྱི་དཔོན་རྡོ་རྗེ་དགྲ་འདུལ་དང་། དཔོན་མོ་བསོད་ནམས་མཚོ་མོ་གཉིས་མ་འཆམ་ནས་བཟའ་འཐོར་དུ་སོང་བའི་རྐྱེན་གྱིས་དཔོན་མོ་འཁོར་བར་ངེས་འབྱུང་སྐྱེས་ཏེ། མཚུར་ཕུ་དགོན་དུ། རྒྱལ་དབང་ཀརྨ་པའི་མདུན་བང་མའི་བརྒྱུད་ནས་ཞུ་ཡིག་ཕུལ་བ་ལྟར། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་ཐེག་མཆོག་རྡོ་རྗེས་སྐུ་ཚབ་བཏང་ཏེ་དགོན་ས་གཟིགས། དེ་རྗེས་རྒྱལ་དབང་ཀརྨ་པ་ཐེག་མཆོག་རྡོ་རྗེ་སྐུ་དངོས་སུ་ཆིབ་ཞལ་བསྒྱུར་གནངས་ཏེ་སྤྱི་ལོ་༡༨༠༥ལོར་ཕྱག་བཏབ་གནང་མཛད། རྒྱལ་དབང་མཆོག་གནས་འདིར་གྲོ་ལོད་ཀྱི་མུན་མཚམས་ལ་ཡུན་རིང་བཞུགས་གནང་། མ་འོང་པར་དགོན་འདིར་གྲོ་ལོད་ཀྱི་བཀའ་བབ་ཡོད་པས་གྲོ་ལོད་ཀྱི་མགོན་ཁང་ངེས་པར་དུ་ཚུགས་དགོས་གསུངས་པ་བཞིན་ད་བར་ཚུགས་ཡོད། དེ་རྗེས་མཚུར་ཕུ་ནས་བླ་མ་མི་འགྱུར་བཏང་གནང་མཛད་པ་ནས་བཟུང་བླ་མ་ཚུལ་ཁྲིམས་ཟླ་བའི་བར་བླ་རབས་ཉེར་གཅིག་ཕེབས་ནས་སྤྱི་ལོ་༡༩༥༨ ལོའི་བར་འཛིན་སྐྱོང་མཛད་དོ།། སྤྱི་ལོ་ ༡༩༨༧ ཏེ་རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོའི་བོད་ཟླ་བ་༨ པའི་ཚེས༡༣ ལ་བསྟན་པའི་མེ་རོ་བླ་མ་མགོན་པོ་རྣམ་རྒྱལ་གྱིས་སླར་གསོ་མཛད། མགོན་པོ་རྣམ་རྒྱལ་དང་ཚོ་གསུམ་ཡོངས་ནས་རེ་ཞུ་ཕུལ་བ་བཞིན་མཚུར་ཕུ་དགོན་ནས་བླ་མ་ཨ་ཆུང་བླ་བསྐོས་གནངས་ཏེ་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ལ་བྲག་སྐྱ་དགོན་་དུ་ཕེབས། དུར་ཁྲོད་ཉམས་གསོ་དང་། འདུ་ཁང་གསར་བཞེངས། མགོན་ཁང་གྲྭ་ཤག མཆོད་རྟེན་སོགས་དགོན་པ་སྟོད་མ་ཉམས་གསོ་དང་། སྨད་མ་གསར་དུ་བཞེངས་དང་འབྲེལ་གྲོ་ལོད་མགོན་ཁང་རྒྱུན་གསོལ་དང་དུས་མཆོད་གསར་འཛུགས་སོགས་མཛད་ནས་དགེ་འདུན་འདུས་པའི་སྡེ་ཡར་རྒྱས་བཏང་། མདོར་ན་དབང་ལུང་ཁྲིད་གསུམ་གྱི་འཆད་ཉན། ལོ་ཟླ་ཚེས་དུས་ཀྱི་མཆོད་པ། ཆོ་ག་ཕྱག་བཞེས་མདོན་རྟ་དབྱངས་རོལ་ཚུན་གདན་ས་མཚུར་ཕུའི་ཕྱག་སྲོལ་བཞིན་ཉམས་པ་སླར་གསོ་མི་ཉམས་གོང་འཕེལ་དུ་གནས་བཞིན་ལགས་སོ། །