ལྷ་ཐོག་དགོན།

ལྷ་ཐོག་ཆོས་རྒྱལ་རིམ་བྱོན་གྱི་རྩ་བའི་གདན་ས་ཁམས་ལྷ་ཐོག་དགོན་པའི་ལོ་རྒྱུས་མདོར་བསྡུས།

ཁམས་ལྷ་ཐོག་དགོན་པ་ནི། ལྷ་ཐོག་རྒྱལ་རབས་ཉེར་བཞི་པ་ཆོས་རྒྱལ་མགོན་པོ་བསམ་འགྲུབ་ཀྱིས་སྦྱིན་བདག་ཞུས་ཏེ། སྤྱི་ལོ་༡༥༧༣ལོར་༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེ་མཆོག་གིས་ལྷ་ཐོག་གི་རྒྱལ་ས་མཐིལ་དུ་ཕྱག་བཏབ། ཐོག་མར་དགེ་འདུན་གྱི་སྡེ་གནས་བརྟན་བཅུ་དྲུག་གི་གྲངས་དང་ལྡན་པ་ཞིག་བཙུགས། རྒྱལ་དབང་མཆོག་གི་སྐུ་ཚབ་ཏུ་འདྲ་སྐུ་གསུང་བྱོན་མ་དང་མགོན་སྐུ་མེ་འབར་མ་སོགས་གནང་བ་ད་ལྟ་ཡང་རྟེན་གྱི་གཙོ་བོ་རུ་བཞུགས་ཡོད། གདན་ས་བར་པ་འོག་མིན་ཀརྨའི་ལུགས་ལྟར་མགོན་པོ་དང་ཚེ་སྒྲུབ་སོགས་ཀྱི་སྒྲུབ་པའི་རྒྱུན་བཙུགས། རྒྱལ་པོའི་ཕོ་བྲང་གི་གཡས་ཕྱོགས་སུ་གཙུག་ལག་ཁང་དམར་འགྱ་མ་བཞེངས་པས། དེ་ནས་བཟུང་རྫོང་དགོན་ཁ་སྤྲོད་ཟེར་བ་དེ་བྱུང་བར་གྲགས། རྒྱལ་རབས་རིམ་བྱོན་གྱིས་སྦྱིན་བདག་དང་གཙོ་འགན་བཞེས་ཏེ་དར་རྒྱས་སུ་སོང་བས་མི་ངོ་ལྔ་བརྒྱ་ལ་ཉེ་བའི་ལོ་རྒྱུས་ལྡན་ཞིང་སྲིད་ན་དཀོན་པའི་ལྷ་སྐུ་རྟེན་གསུམ་གྱིས་ཕྱུར་བུར་གཏམས། ད་སྐབས་དགོན་པ་འདི་ཉིད་ལྗོངས་རིམ་པའི་རྩ་ཆེའི་རིག་དངོས་སྲུང་སྐྱོབས་སྡེ་ཚན་དུ་ཚུད་ཡོད། ལྷ་ཐོག་རྒྱལ་པོ་ཀརྨ་དོན་གྲུབ་དཔལ་ལྡན་དང་རྒྱལ་སྲས་ཀར་ཚེ་སོགས་དམ་པ་མང་པོས་པར་ཤིང་ཁྲི་ཚོ་དུ་མ་ཡོད་པའི་ལྷ་ཐོག་པར་ཁང་ཆེན་མོ་དང་། མདོ་སྔགས་རིག་གནས་དང་བཅས་པའི་པོད་ཆེན་ཁྲི་ལ་ཉེ་བའི་ལྷ་ཐོག་དཔེ་མཛོད་ཁང་ཆེན་མོ་གཙོས་པའི་རྟེན་གསུམ་མང་པོ་བཞེངས་པར་མཛད་པ་མ་ཟད། གསར་རྙིང་གི་སྒྲུབ་མཆོད་མང་པོའི་རྒྱུན་བཙུགས་པ་དང་།དགོན་རི་ཁྲོད་དུ་མ་ཉམས་གསོ་དང་གསར་འདེབས་མཛད་ནས་དེ་དག་ལ་བླ་བསྐོས་མངགས་ཏེ་བདག་སྐྱོང་གནང་བ་དང་། རྒྱལ་བ་ཡབ་སྲས་གཙོས་པའི་རིས་མེད་ཀྱི་སྐྱེས་ཆེན་དུ་མ་གདན་འདྲེན་ཞུས་ཏེ་ཆོས་རིག་དར་སྤེལ་དང་། བསྟན་འགྲོ་ལ་ཕན་པའི་མཁས་གྲུབ་མང་པོ་གསོ་སྐྱོང་གནང་བར་མཛད་པ་སོགས་བསྟན་པ་ལ་མཛད་རྗེས་ཤིན་ཏུ་ཆེ། རིག་གསར་སྐབས་དགོན་སྡེ་སྤྱི་ལྟར་གཏོར་སྐྱོན་ཚབ་ཆེན་ཤོར། སླར་ཡང་སྤྱི་ལོ་༡༩༨༤ལོར་གྲུབ་ཆེན་ཚེ་དབང་དཔལ་ལྡན་རིན་པོ་ཆེས་ཉམས་གསོ་མཛད་ནས་བཤད་པ་དང་སྒྲུབ་པའི་སྡེ་བཙུགས་ཏེ་བསྟན་པའི་མེ་རོ་གསོས། ༧རྒྱལ་མཆོག་ཀརྨ་པ་བཅུ་བདུན་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་བཞིའི་ཐོག་དགོན་འདིར་ཆོས་ཞུགས་མཛད་ནས་ལོ་ངོ་བཞིའི་རིང་བཞུགས་ནས་གསན་སྦྱང་མཛད་ཅིང་། དགུང་གྲངས་བརྒྱད་ལ་ཕེབས་སྐབས་ཐོག་མར་དགོན་འདིའི་གསེར་ཁྲི་ལ་མངའ་གསོལ་ནས་ཁྲི་འདོན་གྱི་མཛད་སྒོ་ཕུན་སུམ་ཚོགས་པར་བྱས་ཏེ་རྒྱལ་དབང་མཆོག་གི་འཕྲིན་ལས་ཀྱི་སྒོ་འཕར་ཐོག་མར་ཕྱེས། ད་སྐབས་སྤྲུལ་སྐུ་ཀརྨ་གཞན་ཕན་གྱིས་འཛིན་སྐྱོང་གནང་ཏེ་ཡིག་གྲྭ་དང་།བཤད་གྲྭ། སྒྲུབ་གྲྭ། ཚོགས་གྲྭ་བཅས་ལས་གྲུབ་པའི་མཁན་སྤྲུལ་དགེ་འདུན་པ་བརྒྱ་ཕྲག་གཉིས་ཙམ་གྱིས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་མཛད་བཞིན་པ་ལགས་སོ།

གངས་དཀར་ནས།