ཡག་བཙུན་དགོན།

ཡག་བཙུན་དགོན་ཀུན་བཟང་འོད་གསལ་གླིང་། ས་གནས། དཔའ་ཤོད་རྫོང་ཡེ་ཆེན་ཤང་ཡག་གྲོང་ཝང་ཆུང་གི་ལུང་པའི་ཕུ་ལ་ཆགས་ཡོད། ཡག་སྤྲུལ་སྐུ་ཕྲེང་དང་པོ་ཀིལ་སྣ་གཅོད་པ་ན་རས་རབ་བྱུང་དགུ་པར་བཏབ་ཅིང་དེ་སྐབས་བཙུན་མ་ལྔ་བརྒྱ་ལྷག་བྱུང་། ཀརྨ་ཀམ་ཚང་ཆོས་བརྒྱུད་ཡིན། བར་སྐབས་ཉམས་རྒུད་སོང་ཡང་༡༩༩༠ ལོར་ཡག་སྤྲུལ་རིན་པོ་ཆེ་དང་། བང་ཆེན་བླ་རྒན། བླ་མ་བསྟན་པ་ཚེ་རིང་སོགས་ཀྱིས་བསྟན་པའི་མེ་རོ་སླར་གསོ་མཛད་དེ། ད་ལྟ་རྒྱུན་བཞུགས་བཙུན་མ་བརྒྱ་ལྷག་ཡོད་ཅིང་གཞུང་ཆེན་ཁག་དང་བློ་སྦྱོང་སྐོར་གྱི་བཤད་གྲྭ་རྒྱུན་འཚོག་དང་། རྒྱུད་སྡེའི་དུས་མཆོད་དང་སྒྲུབ་མཆོད། སྔོན་འགྲོ་འབུམ་བཞི། ནཱ་རོའི་ཆོས་དྲུག་གི་སྒྲུབ་སྡེ། རྒྱུད་སྡེའི་བསྙེན་ཚད་སོགས་བཤད་སྒྲུབ་ལས་གསུམ་གྱི་བྱ་བ་ཆ་ཚང་བའི་དགོན་སྡེ་ཞིག་གོ །